《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月26日

ཀྲོང་ཡན་གྱིས་ལྷོ་ཁར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་20དང་21ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་། རྒྱ་ཚ་རྫོང་། སྣེ་གདོང་ཆུས་བཅས་སུ་ཕེབས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ལ་གཙོ་བོར་དམིགས་ཏེ་བརྟག་ཞིབ་གནང་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་བྱམས་བརྩེའི་ངང་གཟིགས་པ་རེད།

ཀྲོང་ཡན་གྱིས་སྔ་རྗེས་སུ་ཟངས་རི་རྫོང་འབོད་ཐོས་ཤང་དང་། སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་ཕེབས་ཏེ། ས་གནས་ས་ཐོག་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་དང་། ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ། དེ་བཞིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ཏེ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “གཏན་འབེབས་བྱ་སྤྱོད”ཡག་པོ་སྤེལ་བ་དང་ཆབས་ཅིག་བསམ་ཕྱོགས་གསར་འབྱེད་དང་། “རང་འདེམས་བྱ་སྤྱོད”གསར་གཏོད་བྱས་ནས་བོད་ཀྱི་དོན་དངོས་དང་འཚམ་པ་དང་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྱོང་ལམ་བུ་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མང་ཚོགས་ལ་བསམ་བློའི་སློབ་གསོ་གཏོང་རྒྱུ་དེ་ཉིད་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་ཁེ་ཕན་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་དོན་དངོས་དང་བྱ་བཟང་ཁྲོད་མཉམ་འདྲེས་ཡོང་བར་བྱས་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་གྲུབ་འབྲས་ཐོབ་པར་བྱེད་དགོས། དཔུང་ཁག་དོ་དམ་དང་། སློབ་གསོ་གསོ་སྦྱོང་། ལྕག་སྐུལ་ཁྲིད་སྟོན་སོགས་ཐད་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དཔུང་ཁག་དང་ལྷག་པར་དུ་དང་བླངས་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱེད་དགོས། མང་ཚོགས་ཞུགས་འདོད་པ་དང་ཞུགས་བདེ་བའི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ལས་སྟེགས་ཀྱི་གཞི་རྟེན་སྤྱད་ནས་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་དམངས་ཆེད་དང་། དམངས་བདེ། དམངས་ཕན་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་འཆད་འགྲེལ་ཡག་པོ་བྱས་ཏེ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་གཏོང་དགོས། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་དཔྱད་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་མི་ཉུང་སྟབས་བསྡུས་སྒོ་ནས་བསམ་ཡས་དགོན་དང་། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་། ཆོས་འཁོར་རྒྱལ་བཅས་སུ་ཕེབས་ནས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། རི་མཐོན་པོ་དང་གངས་འཁྱག་ལ་མི་འཛེམ་པར་ས་བབ་མཐོ་བའི་ཐག་རིང་ས་ཁུལ་དུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་གཞི་རིམ་གྱི་མངགས་གཏོང་ཁང་དང་། ཞིབ་བཤེར་ས་ཚིགས། ལས་སྒྲུབ་ས་ཚིགས་བཅས་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ངེས་པར་དུ་སྤྱི་ཡོངས་རང་བཞིན་གྱི་རང་འགུལ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། སློབ་གསོ་ཁྲིད་སྟོན་ལ་དམ་འཛིན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཀྱི་གཞི་རིམ་མང་ཚོགས་དང་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་ཚོའི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་འགན་ལེན་ལ་དམ་འཛིན་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། འགལ་ཟླ་སེལ་བ། ཉེན་ཁར་ཁ་གཏད་འཇལ་བ་བཅས་ཀྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། སྔོག་འདོན་གཏིང་ཟབ་དང་རྡུང་རྡེག་ནན་པོ་གཏོང་བར་དམ་འཛིན་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་། གཏན་ལ་འཁེལ་བའི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་བཀོད་སྒྲིག་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)