《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月26日

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

《ཁྲལ་འབབ་བསྡུ་འདོམས་ཀྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁྲལ་འབབ་བསྡུ་འདོམས་ཀྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་མ་ཟད། བརྡ་ཐོ་ཡང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ལ་དམིགས་པ། ཁྲལ་འབབ་བསྡུ་འདོམས་ཀྱི་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་། ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ལ་ཞབས་འདེགས་ཞུ་རྒྱུ་ལྟེ་བར་བྱེད་པ་དང་། འཛིན་ཤོག་གློག་རྡུལ་ཅན་ལ་སྒྱུར་བཅོས་བྱེད་རྒྱུ་ཚད་བརྒལ་བྱེད་སར་བྱེད་པ། ཁྲལ་བསྡུའི་གྲངས་གཞི་ཆེ་མོ་སྒུལ་ཤུགས་སུ་བྱེད་པ་བཅས་ཀྱི་འདུས་གྲུབ་ནུས་པ་ཆེ་བ་དང་། བདེ་འཇགས་ནུས་པ་ཆེ་བ། བཀོལ་སྤྱོད་ཕན་ནུས་ཆེ་བ་བཅས་ཀྱི་རིག་ལྡན་ཁྲལ་དོན་ནུས་ཤུགས་ཡོད་རྒུས་གཏོད་པ། གནད་འཁེལ་ཁྲིམས་བསྟར་དང་། ཞིབ་ཚགས་ཞབས་ཞུ། གནད་སྨིན་ལྟ་འདོམས། ཟོལ་མེད་ཀྱི་མཉམ་བཅོས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲལ་བསྡུའི་བཅའ་ཁྲིམས་བརྩི་སྲུང་ཞུ་ཚད་དང་སྤྱི་ཚོགས་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་བ། ཁྲལ་བསྡུའི་མ་གནས་མངོན་གསལ་དོད་པོས་དམའ་རུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་ཁྲལ་བསྡུའི་རྨང་གཞིའི་རང་བཞིན་དང་། ཀ་རྟེན་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

《བསམ་འཆར》ནང་བསྟན་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ་དང་། ཁྲིམས་ལྟར་ཁྲལ་བཅོས་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་མཁས་པོ་བྱས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲལ་དོན་ཁྲིམས་བསྟར་བྱེད་སྟངས་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། ཁྲལ་བསྡུའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་པ། དམངས་ལ་སྟབས་བདེ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་ཁེ་ལས་ལ་ཕན་པ་སྐྲུན་པ་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་འདེགས་ཞུ་སྟངས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་ལུགས་མཐུན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་བཏང་སྟེ་ཁྲལ་འབབ་བསྡུ་འདོམས་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ནས་ཁྲལ་དོན་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲལ་དོན་ཁྲིམས་བསྟར་དང་། ཞབས་ཞུ། ལྟ་འདོམས་བཅས་ཀྱི་འདུ་ཤེས་དང་། བྱེད་སྟངས། བྱ་ཐབས་སོགས་ཕྱོཌ་ཀུན་ནས་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ་སྤྱི་ཡོངས་རང་བཞིན་དང་འདུས་གྲུབ་རྣམ་པར་བརྟེན་ནས་ཁྲལ་བསྡུའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས།

《བསམ་འཆར》ནང་བསྟན་དོན། 2022ལོར་སླེབས་སྐབས། ཁྲལ་དོན་ཁྲིམས་བསྟར་ཚད་ལྡན་ཅན་དང་། ཁྲལ་གྲོན་ཞབས་ཞུ་སྟབས་བདེ་ཅན། ཁྲལ་དོན་ལྟ་འདོམས་གནད་སྨིན་ཅན་བཅས་ཀྱི་ཐད་འཕེལ་རྒྱས་གལ་ཆེན་ཡོང་བར་བྱེད་དགོས་པ་དང་། 2023ལོར་སླེབས་སྐབས། “ཉེན་ཁ་མེད་པ་དང་སུན་པོ་བཟོ་མཁན་མེད་པ་དང་། ཁྲིམས་ལས་འགལ་ཚེ་བདའ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ཤུགས་ཆེན་བྱེད་པ”བཅས་ཀྱི་ཁྲལ་དོན་ཁྲིམས་བསྟར་གྱི་མ་ལག་གསར་པ་ཞིག་གཞི་རྩའི་ཆ་ནས་བསྐྲུན་ཏེ་ཉམས་མྱོང་རྣམ་པའི་ཁྲིམས་བསྟར་ནས་ཚན་རིག་དང་མཐུན་པའི་གནད་སྨིན་ཁྲིམས་བསྟར་ཕྱོགས་སུ་འགྱུར་ལྡོག་མངོན་འགྱུར་ཡོང་བ་བྱེད་དགོས་པ། “དྲ་ཕྱིའི་ཞབས་ཞུར་ཁུག་ཆ་མ་ལུས་པ་དང་། དྲ་ཐོག་གི་ཞབས་ཞུ་གཉེར་མཚམས་མི་འཇོག་པ། ཆེད་མངགས་བཟོས་པའི་ཞབས་ཞུ་རྒྱ་ཁྱབ་ངང་ཁྱབ་པར་བྱེད་པ”བཅས་ཀྱི་ཁྲལ་གྲོན་ཞབས་ཞུའི་མ་ལག་གསར་པ་ཞིག་གཞི་རྩའི་ཆ་ནས་བསྐྲུན་ཏེ་ཧེ་བག་མེད་པའི་ཞབས་ཞུ་དེ་ཞིབ་ཚགས་ཅན་དང་། རིག་ནུས་ཅན། རང་གཤིས་ཅན་བཅས་ཀྱི་ཞབས་ཞུར་མངོན་འགྱུར་ཡོང་བ་བྱེད་དགོས་པ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་དང“དྲ་སྦྲེལ+ལྟ་འདོམས”གཞི་རྩའི་བྱ་ཐབས་སུ་བྱེད་པ་དང་། གཙོ་གནད་ལྟ་འདོམས་ཁ་གསབ་ཏུ་བྱེད་པ། “ཡིད་རྟོན+ཉེན་ཁའི”ལྟ་འདོམས་རྨང་གཞིར་བྱེད་པ་བཅས་ཀྱི་ཁྲལ་དོན་ལྟ་འདོམས་ཀྱི་མ་ལག་གསར་པ་གཞི་རྩའི་ཆ་ནས་བསྐྲུན་ཏེ“འཛིན་ཤོག་ལ་བརྟེན་ནས་ཁྲལ་དོན་ལ་དོ་དམ་བྱེད་པ”ནས“གྲངས་གཞིར་བརྟེན་ནས་ཁྲལ་དོན་བཅོས་སྐྱོང་བྱེད་པའི”བར་གྱི་རིམ་དབྱེའི་གནད་སྨིན་ལྟ་འདོམས་ཀྱི་འགྱུར་ལྡོག་མངོན་འགྱུར་ཡོང་བ་བྱེད་དགོས་པ། 2025ལོར་སླེབས་སྐབས། ཁྲལ་འབབ་བསྡུ་འདོམས་ལམ་ལུགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱས་ནས། ནུས་པ་ཆེ་བའི་རིག་ནུས་ཁྲལ་དོན་གཞི་རྩའི་ཆ་ནས་སྐྲུན་པ་དང་། རྒྱལ་ནང་གི་རྩེར་སོན་རིག་ནུས་ཅན་གྱི་སྲིད་འཛིན་བཀོལ་སྤྱོད་མ་ལག་ཆགས་པར་བྱས་ཏེ། ཁྲལ་དོན་ཁྲིམས་བསྟར་དང་། ཞབས་ཞུ། ལྟ་འདོམས་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།