《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月24日

དེང་རབས་སློབ་ཆུང་གི་རྩིས་རིག་ཁ་རྩིས་སློབ་ཁྲིད་ཀྱི་ནུས་ལྡན་ཐབས་ཇུས་སྐོར་རགས་ཙམ་གླེང་བ།

དེང་སྐབས་ཀྱི་སློབ་གསོའི་སྒྲིག་སྲོལ་འོག་སློབ་ཆུང་གི་སློབ་ཁྲིད་ལ་མི་དེ་བས་མང་བས་དོ་ཁུར་བྱས་དང་བྱེད་མུས་ཡིན། སློབ་ཆུང་སློབ་མའི་ཁ་རྩིས་སམ་ངག་རྩིས་སློབ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སློབ་མའི་བསམ་གཞིག་གི་ནུས་པ་དང་མྱུར་རྩིས་ཀྱི་ནུས་པ་མགྱོགས་མྱུར་ཆེ་རུ་བཏང་ན། སློབ་མ་ཚོས་ངག་རྩིས་གམ་ཁ་རྩིས་ཁྲོད་ནས་རྩིས་རིག་སློབ་སྦྱོང་བྱེད་པ་དང་འབྲེལ་རྩིས་རིག་སློབ་ཚན་ལ་དགའ་མོས་སྐྱེས་ངེས།

དང་པོ། ཁ་རྩིས་སློབ་ཁྲིད་ཀྱི་མིག་སྔའི་གནས་བབ།

མིག་སྔར་སློབ་མའི་ངག་རྩིས་མྱུར་ཚད་ཡོངས་ཁྱབ་ཏུ་ཅུང་འགོར་ཙམ་ཡོད་པ་དང་། བསླབ་གཞི་གསར་བཅོས་ལས་ལོ་རིམ་གསུམ་པར་སླེབས་སྐབས་སློབ་ཆུང་སློབ་མ་རྣམས་ཀྱིས་སྐར་མ་གཅིག་གི་ནང་དུ་རྩིས་གཞི་བརྒྱད་ནས་བཅུ་བར་བརྩི་དགོས། འོན་ཀྱང་སློབ་མ་མི་ཉུང་བ་ཞིག་གིས་སྐར་མ་གཅིག་གི་ནང་དུ་ཕྱེད་ཀ་ཙམ་ལས་བརྩི་ཐུབ་ཀྱི་མེད།

ངག་རྩིས་རྒྱག་པའི་བརྒྱུད་རིམ་ཁྲོད་སློབ་ཆུང་སློབ་མའི་ཡོངས་ཁྱབ་ཀྱི་ཚད་གཞི་ཅུང་དམའ་ཙམ་ཡོད། ངག་རྩིས་རྒྱག་སྐབས་སློབ་མ་མང་པོ་ཞིག་གི་ཁ་རྩིས་རྒྱག་སྟངས་ཀྱི་ཐབས་ཤེས་ཅི་རིགས་སུ་སྣང་ཡང་། ཐོབ་འབྲས་ཚང་མ་གཅིག་མཚུངས་ཡིན། བསླབ་གཞི་གསར་བཅོས་ཀྱི་བླང་བྱའི་འོག་དགེ་རྒན་གྱིས་སློབ་མར་ངག་རྩིས་རྒྱག་སྟངས་སློབ་པ་ཙམ་གྱིས་མི་ཆོག་པར། གཙོ་བོ་ངག་རྩིས་རྒྱག་པའི་ཐབས་ཤེས་ཁོང་དུ་ཆུད་པར་བྱས་ཏེ། ངག་རྩིས་དང་ཁ་རྩིས་ཀྱི་མྱུར་ཚད་མགྱོགས་ལ་ཐོབ་འབྲས་ཀྱང་ཡང་དག་ཡོང་བའི་རེ་བ་འདོན་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་མའི་ངག་རྩིས་རྒྱག་པའི་ནུས་པ་མུ་མཐུད་ཆེ་རུ་གཏོང་ཐུབ།

གཉིས་པ། ཁ་རྩིས་སྦྱོང་བརྡར་གྱི་ཕན་ནུས་དང་དོན་སྙིང་།

ངག་རྩིས་རྒྱག་པའི་ནུས་པ་ནི་རྩིས་རིག་གི་གཞི་རྩའི་རྩིས་རྒྱག་གི་རྨང་གཞི་ཞིག་ཡིན། སློབ་མའི་ངོས་ནས་བརྗོད་ན། གྲངས་10ནང་ཚུན་གྱི་ཁ་རྩིས་ཤེས་རྟོགས་ནས་འགོ་རྩོམ་པ་ཞིག་རེད། གྲངས་20ནང་ཚུན་གྱི་སློབ་སྦྱོང་དང་ངག་རྩིས་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་ནི་རྨང་གཞིའི་རྩིས་རྒྱག་གི་འགག་རྩའི་དུས་སྐབས་ཤིག་རེད། སླད་ཕྱིན་གྱི་སྣོན་རྩིས་དང་། འཐེན་རྩིས། སྒྱུར་རྩིས། བགོ་རྩིས་སོགས་རྙོག་འཛིང་ཆེ་བའི་རྩིས་རྒྱག་གང་ཡིན་རུང་། གྲངས་20ནང་ཚུན་གྱི་རྩིས་རྒྱག་གི་རྨང་གཞི་དང་ཁ་འབྲལ་ཐབས་མེད།

ངག་རྩིས་རྒྱག་པའི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ན། སློབ་མའི་ལྟ་ཞིབ་དང་། དོ་སྣང་། དྲན་ཤེས་བཅས་ཀྱི་ནུས་པ་གསོ་སྐྱོང་ལ་ཕན་པ་ཡོད། དཔེར་ན། ངག་རྩིས་རྒྱག་སྐབས་ཉན་ནས་སྦྱོང་བརྡར་བྱེད་པ་དང་། རིག་པ་རྩེ་གཅིག་ཏུ་སྒྲིམ་དགོས་པས། སློབ་མའི་དོ་སྣང་གི་གཅིག་སྡུད་རང་བཞིན་ཕན་ནུས་ལྡན་པའི་སྒོ་ནས་སྐྱེད་སྲིང་བྱེད་ཐུབ། དཔེར་ན། ཁ་རྩིས་ནི་བསམ་གཞིག་དང་སྐད་བརྡ་ཁོ་ནར་བརྟེན་ནས་རྩིས་རྒྱག་གི་ཡོད་པར་བརྟེན། སློབ་ཕྲུག་གིས་ཁ་རྩིས་36×4སོགས་རྩིས་རྒྱག་སྐབས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས། དེ་ལྟར་བྱས་ན་གཞི་ནས་གོམ་སྟབས་རྗེས་མར་རྩིས་རྒྱག་ཐུབ་པ་དང་ཁ་རྩིས་ཀྱི་གོ་རིམ་ཧྲིལ་པོ་འགྲུབ་ཐུབ།

ངག་རྩིས་རྒྱག་པའི་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་ནི་སློབ་མའི་བསམ་གཞིག་གི་སྙིང་བསྡུས་ནུས་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན། ངག་ལ་མྱུར་ཞིང་གང་ལ་གང་འཚམ་གྱི་ཁྱད་ཆོས་ལྡན་པ་དང་། སློབ་མའི་ཁ་ནས་བཤད་པའི་ནུས་པའི་མཐོ་དམན་དེ་གཙོ་བོ་ཡང་དག་པའི་ཚད་དང་རྩིས་རྒྱག་པའི་མྱུར་ཚད་ནས་མཚོན་གྱི་ཡོད། ངག་རྩིས་རྒྱག་པའི་ནུས་པ་དང་། སློབ་མས་རྩིས་རྒྱག་པའི་གནས་ལུགས་སོགས་རྩིས་རིག་གི་ཤེས་བྱ་དང་རྩལ་ནུས་ཐད་ཀྱི་ཧེ་བག་མཚོན་པ་མ་ཟད། སློབ་མའི་བསམ་གཞིག་གི་སྙིང་བསྡུས་ནུས་པའི་ཐད་ཀྱི་ཧེ་བག་དེ་བས་ཀྱང་མཚོན་གྱི་ཡོད། ངག་རྩིས་རྒྱག་པའི་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ངག་རྩིས་རྒྱག་པའི་ནུས་པ་ཆེ་རུ་གཏོང་བ་དེ་ནི་སློབ་མའི་བསམ་གཞིག་གི་སྙིང་བསྡུས་ནུས་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་པ་གདོན་མི་ཟ།

ངག་རྩིས་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པར་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད་དེ། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་ངག་རྩིས་རྒྱ་ཆེར་བཀོལ་བཞིན་ཡོད། རྩིས་རྒྱག་འཕྲུལ་ཆས་ཉིན་བཞིན་ཁྱབ་གདལ་དུ་འགྲོ་བའི་དེང་གི་དུས་སུའང་། ངག་རྩིས་ནི་སྔར་བཞིན་མི་རྣམས་ཀྱིས་དུས་རྒྱུན་སྤེལ་རེས་བྱེད་པའི་གཞི་རྩའི་རྩལ་ནུས་ཤིག་རེད། དེར་བརྟེན་ངག་རྩིས་རྒྱག་པའི་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དེར་སྔར་བཞིན་དོན་དངོས་འཚོ་བ་དང་དངོས་ཡོད་ཀྱི་སྤྱི་ཚོགས་ཀྱི་དོན་སྙིང་ལྡན་ཡོད།

གསུམ་པ། སློབ་མའི་ཁ་རྩིས་ཀྱི་མྱུར་ཐབས།

སློབ་མའི་ཁ་རྩིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མའི་ངག་རྩིས་རྒྱག་པའི་མྱུར་ཚད་མགྱོགས་སུ་གཏོང་བ་དེ་ནི་མིག་སྔར་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། མིག་སྔར་རྩིས་རྒྱག་སྐབས་སློབ་ཕྲུག་མང་པོ་ཞིག་གིས་ཟིན་བྲིས་འགོད་པའི་ཐབས་ལམ་སྤྱད་པས། གོ་རིམ་མང་དུ་འགྲོ་བ་དང་རྩིས་རྒྱག་པའི་མྱུར་ཚད་འགོར་དུ་འགྲོ་གི་ཡོད་པས། སྣང་ཚུལ་དེ་རིགས་ཐག་གཅོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དགེ་རྒན་རྣམས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རྩིས་རྒྱག་སྟངས་ཁྱབ་གདལ་བཏང་སྟེ་སློབ་མ་ཚང་མར་རྩིས་རྒྱག་སྟངས་ཤེས་སུ་འཇུག་དགོས་པ་དང་། སླ་བ་ནས་དཀའ་བ་དང་། ཉུང་བ་ནས་མང་བ། དལ་བ་ནས་མགྱོགས་པ། རྩིས་གཞིའི་ཆོས་ཉིད་འཚོལ་བ་བཅས་ཀྱིས་མྱུར་ཚད་རིམ་པ་བཞིན་མགྱོགས་སུ་བཏང་ནས་ཁ་རྩིས་དང་ངག་རྩིས་ཀྱི་མགྱོགས་ལམ་རྙེད་པ་བྱེད་དགོས། དཔེར་ན། རྩིས་རྒྱག་པའི་ཚེ། 19+3=(20+1)+2ཡིན་པས། 19དེ་20བསྒྲིལ་རྗེས་3ནས་1འཐེན་པའི་བསྡོམས་གྲངས་ཡིན་པ་དང་། 25X18=(25X10)+(25X8)=450ལྟ་བུ་སྔོན་ལ་འཕྲལ་ནས་བསྒྱུར་བ་དང་དེ་རྗེས་བསྒྱུར་ཐོབ་གཉིས་པོ་བསྡོམས་ན་ཐོབ་འབྲས་ལས་སླ་པོར་བྱུང་བའོ། ཐབས་ཤེས་དེ་རིགས་སྤྱད་ནས་སློབ་ཕྲུག་ཚོས་རྩིས་ཐབས་སྣ་ཚོགས་ཁ་ནས་རྩིས་རྒྱག་པའི་ཐབས་ཤེས་སུ་བསྒྱུར་ནས་ཇི་ཙམ་བརྩིས་ན་དེ་ཙམ་གྱིས་མགྱོགས་སུ་འགྲོ་ཐུབ། ངག་རྩིས་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱིས་ངག་ཐོག་ནས་སློབ་ཁྲིད་བྱེད་པའི་བསམ་གཞིག་གི་བརྒྱུད་རིམ་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་མར་འདི་ལྟར་རྩིས་རྒྱག་པའི་རྒྱུ་མཚན་ཤེས་སུ་འཇུག་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་མའི་ཤེས་ཚད་མཐོ་རུ་གཏོང་ཐུབ། ངག་རྩིས་སློབ་ཁྲིད་བྱེད་སྐབས། དགེ་རྒན་མང་པོ་ཞིག་གིས་སློབ་ཕྲུག་ལ་ངག་རྩིས་རྒྱག་པའི་ཐབས་ཤེས་ཐེངས་ཁ་ཤས་ལས་ཁྲིད་ཀྱི་མེད་ལ། ཐབས་ཤེས་རྐྱང་པ་དང་གནད་ལ་འཁེལ་པོ་མེད་པར་བརྟེན་སློབ་ཕྲུག་རྣམས་ཀྱིས་ཐབས་ཤེས་དེ་རིགས་ལ་གོ་བ་ཡང་དག་མི་ལོན་པ་དང་། ངག་རྩིས་རྒྱག་པའི་དོན་སྙིང་ལ་གོ་བ་གཏིང་ཟབ་ཞིག་མ་བྱུང་བར་རྐྱེན། མཛུབ་མོས་རེ་རེ་བཞིན་བགྲང་བའམ་སྨྱུ་གུ་བཟུང་ནས་ཟིན་བྲིས་འགོད་པའི་ཐོག་མའི་རྩིས་རྒྱག་ཏུ་ཕྱིར་ལོག་གི་ཡོད་པས་ལས་ཆོད་ཆུང་བ་མ་ཟད། དག་པོ་ཡོང་གི་མེད། དེར་བརྟེན། དགེ་རྒན་གྱིས་ངག་རྩིས་སློབ་ཁྲིད་བྱེད་སྐབས། ཐབས་ལམ་ལེགས་པོ་དགོས་ལ། ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་སོ།

བཞི་པ། སློབ་མའི་ཁ་རྩིས་སློབ་སྦྱོང་གི་སྤྲོ་བ་འཕེལ་ཐབས།

ཁ་རྩིས་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་ཐབས་ཤེས་མི་འདྲ་བ་སྤྱད་ནས་སློབ་ཕྲུག་ལ་ངག་ཐོག་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། སློབ་མ་རྣམས་ལ་ཁ་རྩིས་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས་ན་ངེས་པར་དུ་སྦྱོང་བརྡར་མང་ཙམ་བྱེད་དགོས། འོན་ཀྱང་ཁ་རྩིས་སློབ་སྦྱོང་བྱེད་དུས་སྙིང་པོ་མེད་པ་དང་། དུས་རྒྱུན་དུ་སློབ་མའི་སློབ་སྦྱོང་གི་སྤྲོ་བ་འཕེལ་མི་ཐུབ་པས། དེའི་ཕྱིར་ངག་རྩིས་སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་སྤྲོ་བ་ལྡན་པའི་སློབ་སྦྱོང་གི་ཐབས་ཤེས་ཇུས་འགོད་བྱེད་དགོས། དཔེར་ན། ཁ་རྩིས་སློབ་ཁྲིད་བྱེད་སྐབས། དགེ་རྒན་གྱིས་ཁ་རྩིས་འགྲན་བསྡུར་བྱེད་པ་དང་། བྱ་དགའི་གཟེངས་རྟགས་སམ་སློབ་ཆས་སོགས་ཀྱི་དངོས་རྫས་ཆུང་ཆུང་སྤྲོད་པ་སོགས་ཀྱི་བྱེད་སྒོ་སྤེལ་ན། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་རྒྱུན་ཆད་མེད་པར་འཕེལ་ཐུབ་པ་མ་ཟད། ད་དུང་སློབ་མའི་ཁ་རྩིས་ཀྱི་ནུས་པ་ཡང་ཉིན་རེ་ལས་མ་འདས་པ་ཇེ་མགྱོགས་ཇེ་བཟང་དུ་གཏོང་ཐུབ།

མདོར་དྲིལ་ན། སློབ་ཆུང་རྩིས་རིག་ལ་ཁ་རྩིས་སྦྱོང་བརྡར་བྱེད་པ་ནི་སློབ་མས་རྩིས་རྒྱག་པའི་ནུས་པ་ཆེ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་རེད། སློབ་མའི་ཁ་རྩིས་ནུས་པ་གསོ་སྐྱོང་བྱེད་པ་ནི་སློབ་མའི་ཀླད་པ་འགུལ་བའི་སྟབས་བསྟུན་རང་བཞིན་མཐོ་རུ་གཏོང་རྒྱུ་དེ་ཡིན་ཞིང་། གང་ལ་དེ་འཚམ་གྱི་རང་བཞིན་ནི་གནད་དོན་ཐག་གཅོད་བྱེད་པའི་འགག་རྩ་ཡིན། སློབ་ཕྲུག་གི་ཁ་རྩིས་ནུས་པ་སྦྱོང་བརྡར་བྱེད་པར་ཤུགས་སྣོན་བརྒྱབ་ན་གཞི་ནས་རྩིས་རིག་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་ཐུབ། དེར་བརྟེན། སློབ་ཆུང་གི་རྩིས་རིག་ལས་སློབ་མའི་ཁ་རྩིས་ནུས་པ་སྦྱོང་བརྡར་བྱེད་པར་དོ་སྣང་ཚད་མེད་གནང་དགོས།

(ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་སློབ་ཆུང་གི་བསོད་ནམས་དབང་འདུས)