《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

ཀྲི་པུའི་སྣེ་ཁྲིད་ཡག ཞིང་དུད་འབྱོར་ཕྱུག་ལྡན།

“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པའི་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོ་ནི་མངའ་རིས་ས་ཁུལ་རུ་ཐོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་70ཙམ་ཡོད། གྲོང་ཚོ་ནས་ནུབ་ཏུ་སྤྱི་ལེ་80བསྐྱོད་ཚེ་མཐའ་མཚམས་ཉོ་ཚོང་ས་ཚིགས་ཏེ་ལྡུམ་རྩེར་འབྱོར་གྱི་ཡོད་པ་དང་། དེ་ནི་དཔེ་མཚོན་གྱི་མཐའ་མཚམས་གྲོང་ཚོ་ཞིག་རེད། ལོ་ཤས་གོང་གྲོང་ཚོ་དེའི་ཁང་པ་ཚང་མ་ནི་ས་རྡོ་ལས་གྲུབ་པ་ཞིག་ཡིན་པ་དང་། འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ནས་སྡོད་ཁང་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད།

ད་ཆ་ལྕགས་སྒང་གྲོང་ཚོར་ཐོག་སོ་ཉིས་ལྡན་གྱི་གྲོང་མིའི་སྡོད་ཁང་ཕན་ཚུན་གཅིག་ལ་གཅིག་འགྲན་ལྟར་སྣང་ཞིང་། དུད་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་བཀལ་ཡོད་པ་དེ་ནི་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བས་ཧ་ཅང་བཀྲག་མདངས་ཆེ། གྲོང་ཚོའི་ནང་སྐྱོད་སྐབས་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། གྲོང་མིའི་ཐང་ཆེན། གྲོང་ལྷན་གྱི་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་སྒྲིག་བཀོད་ཡོད་ཚད་ཚང་མ་འཛོམས་འདུག

“རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་གྲོང་ཚོ‘ཨུ་ལྷན་གཉིས’ཀྱིས་ང་ཚོར་འབད་བརྩོན་ཆེན་པོས་ལས་ཀ་བྱ་རྒྱུར་སྣེ་ཁྲིད་བྱས་པས། ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཡང་བྱུང་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པར་གྱུར་སོང”ཞེས་སྡོང་ཕྲུག་ར་བར་ཆུ་གཏོང་བཞིན་ཡོད་པའི་གྲོང་མི་བཀྲ་ཤིས་སྒྲོལ་མས་བརྗོད།

ཉེ་བའི་ལོ་ཤས་རིང་། ལྕགས་སྒང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཧུར་ཐག་བྱས་ཏེ། འབྱོར་འབྲིང་ལམ་བུའི་ཐོག་ལམ་ནོར་མི་ཐེབས་པ་དང་མི་ལུས་པ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དེ་ཏང་འཛུགས་སྐྱོང་འཕེལ་རྒྱས་དང་། མཐའ་མཚམས་སྲ་བརྟན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པར་བྱས་པས། ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཆགས་ཡོད་པ་རེད། ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བས། ཡོང་འབབ་དེ་2016ལོའི་སྒོར་ཁྲི་88ནས་2020ལོའི་སྒོར་ཁྲི་320བར་འཕར་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་མཐའ་སྲུང་མཐའ་བརྟན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ལས་ཞུགས་ལས་གནས་གསར་སྤེལ་ཤུགས་ཆེན་དང་། ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་ངལ་ནུས་མི་ཐེངས་400ལྷག་ཙམ་ཕྱིར་གཏོང་བྱ་རྒྱུའི་སྒྲིག་འཛུགས་ཀྱང་བྱས་ཤིང་། རིམ་རྩིས་བྱས་ན་མང་ཚོགས་དབུལ་པོ་260རང་ཡུལ་ནས་ཁ་མི་བྲལ་བར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་མངོན་འགྱུར་ཐུབ་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཡོང་འབབ་སྒོར་ཁྲི་500ལྷག་ཙམ་བྱུང་ནས། མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་དེ་2016ལོའི་སྒོར་8600ནས་2020ལོའི་སྒོར་23000བར་འཕར་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་ལས་ཞུགས་འབབ་འཕར“གཉིས་ཀར་སྐུལ་འདེད་དང་གཉིས་ཀར་འབབ་འཕར”བྱུང་ནས་མང་ཚོགས་ཚང་མ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་མིག་དཔེར་གྱུར་ཡོད།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད། ལྕགས་སྒང་གྲོང་ཚོས་རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་བྱེད་པ་དང་མཐའ་མཚམས་གཞུང་ལམ་དང་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ལམ་ཐག་སྤྱི་ལེ་465.37ཟིན་པའི་གཞུང་ལམ་འཛུགས་སྐྲུན་ནང་མང་ཚོགས་1500ལྷག་ཙམ་ཞུགས་པར་ལས་ཞུགས་འབབ་འཕར་སྒོར་ཁྲི་2000ལྷག་ཙམ་བྱུང་ཡོད། ཞིང་ནང་ཆུ་འདྲེན་འདུ་འགོད་དང་དེ་བཞིན་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྲ་བརྟན་མཐོར་གཏོང་འདུ་འགོད་ལག་བསྟར་བྱས་ནས། ཞིང་ནང་ཆུ་འདྲེན་འདུ་འགོད་3དང་། བདེ་འཇགས་འཐུང་ཆུའི་འཕྲུལ་འཁོར་གྱི་ཆུ་འཐེན་ཁྲོན་པ་7བསྐྲུན་ནས་མི་443གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ། ལྕགས་སྒང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་ནས་སྡོད་ཁང་149གསར་སྐྲུན་བྱས་པ། གད་སྙིགས་བཤོ་ས་དང་། ཆུ་ཀ་ལ་དང་། ཆུ་འབུད། གྲོང་གསེབ་ཀྱི་དྲ་བ་རིམ་སྤོར་སྒྱུར་བཀོད་སོགས་ཀྱི་འདུ་འགོད་འཛུགས་སྐྲུན་བྱས་པ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་ཡོད།

སྤྱི་པའི་ཞབས་ཞུ་འཛུགས་སྐྱོང་ཐད། ལྕགས་སྒང་གྲོང་ཚོས་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱས་ནས་མི་746གི་སྨན་བཅོས་གནད་དོན་ཐག་གཅོད་བྱས་པ་དང་། སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་བྱས་ནས་མང་ཚོགས་དབུལ་པོ་100ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་སྨི་ངོས་གྲུ་400ལྷག་ཙམ་ཟིན་པའི་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་བསྐྲུན་པ། མཛེས་བཟོ་ལྗང་འགྱུར་གྱི་འདུ་འགོད་རྣམ་གྲངས་ལག་བསྟར་བྱས་ནས་ས་གནས་དེ་གའི་སྡོད་མལ་ཁོར་ཡུག་ཧ་ཅང་ལེགས་སུ་བཏང་ཡོད།

ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ལྕགས་སྒང་གྲོང་ཚོས་ཕུན་སུམ་ཚོགས་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཁུལ་ལྡན་ར་དཀར་པོའི་དཔེ་སྟོན་གསོ་ཚགས་དང་། ཞིང་ལས་ཕྱོགས་བསྡུས་ཐོན་ལས་རྟེན་གཞི། བྱེ་རྡོ་ར་བ་སོགས་ཀྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་དང“རང་རྟེན”ནུས་པ་ཆེ་རུ་བཏང་བས། ས་གནས་དེ་གའི་མང་ཚོགས་རྣམས་ལ་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ཆབས་ཅིག ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡང་བྱུང་ཡོད། ཤིང་འཛུགས་ནགས་བཟོ་དང་སྡོང་ཕྲུག་གསོ་སྤེལ་སོགས་ཧུར་ཐག་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་སྣོད་བཅུད་ལས་གཏོད་ལས་སྟེགས་བཏོད་ཡོད།

གྲོང་ཚོའི་ཕུ་མདའ་གང་སར་ཨར་འདམ་ལམ་སྦྲེལ་མཐུད་ཐུབ་པ་དང་། སྡོད་ཁང་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་ཞིང་། སྡོང་ཕྲུག་ར་བ་དང་། བྱེ་རྡོ་ར་བ། གསོ་ཚགས་རྟེན་གཞི་བཅས་སུ་གྲོང་མི་རྣམས་ངལ་རྩོལ་ལས་བྲེལ་བཞིན་ཡོད་པ་གསར་འགོད་པའི་མིག་ལམ་དུ་མངོན། སྔོན་ཆད་ཀྱི་དབུལ་ཕོངས་རྗེས་ལུས་ཀྱི་བོད་ནུབ་གྲོང་ཚོ་ཞིག་ཡིན་པའི་ལྕགས་སྒང་གྲོང་ཚོ་ནས་ད་ཆ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།