《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

ལོ་ངོ་དྲུག་ཅུ་ཡི་རིང་ཤིང་འཛུགས་ལས་ལ་གཞོལ་བས་ལྷུན་རྩེ་རྫོང་བྱེ་ཐང་ནས་སྔོ་ལྗོངས་སུ་འགྱུར་བ།

དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ཡི་གོང་དུ་ལྷུན་རྩེའི་གྲམ་ཐང་དུ་གཙོ་བོ་མིང་མི་ཤེས་པའི་རྩྭ་ཞིག་སྐྱེ་ཡི་ཡོད་པ་དེ་དབྱར་དུས་སུ་སྐྱེས་པ་དང་སྟོན་མཇུག་ཏུ་རླུང་ཆེན་ལྡང་ནས་རྩ་བ་བཀོག་འགྲོ་གི་ཡོད།

བོད་ལྗོངས་ལྷོ་ཁའི་ལྷོ་རྒྱུད་དུ་གནས་པའི་ལྷུན་རྩེ་རྫོང་དེ་ཧི་མ་ལ་ཡའི་བྱང་འདབས་སུ་གནས་པ་དང་རྫོང་གྲོང་གི་ས་བབ་མཐོ་ཚད་སྨི་3800ལྷག་ཙམ་ཡོད། ཤོད་སྲོལ་ལ་སྐབས་དེ་དུས་ལྷུན་རྩེའི་ལུང་གཞུང་ལ་ལོ་ལྟར་ཟླ་བ་བརྒྱད་ཙམ་གྱི་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་གྱི་ཡོད། ལྷག་དོན་དུ་དགུན་དུས་དང་དཔྱིད་དུས་སུ་བྱེ་རླུང་ལྡང་ནས་ཆུ་བོའི་གཡས་གཡོན་གྱི་གྲོང་ཚོ་མཐོང་གི་མེད་པ་རེད། ཆར་ཆུ་འབེལ་བའི་དབྱར་དུས་སུ་ལུང་གཞུང་དུ་ཆུ་ལོག་ཡང་ཡང་ཐོན་གྱི་ཡོད། ཞིང་ནང་དུ་ཆུ་ལོག་ཐོན་ནས་ཞིང་ས་བ་ཚྭ་ཅན་དུ་འགྱུར་བ་མ་ཟད། འབྲུ་རིགས་འདེབས་འཛུགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད། “སྐབས་འདི་དུས་དཔྱིད་དུས་སུ་ཞིང་ཁ་འདེབས་ཀྱང་སྟོན་དུས་སུ་ལོ་ཏོག་དེ་ཙམ་བསྡུ་རྒྱུ་མེད”ཅེས་ས་སྐྱེས་རྡོ་སྐྱེས་ཡིན་པའི་ལྷུན་རྩེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བཟང་པོས་དེ་ལྟར་བཤད།

1964ལོར་ལྷུན་རྩེ་བས་དེ་སྔའི་ཞིང་པ་ཤང་གི་ཤང་ཀྲང(ད་ལྟའི་ལྷུན་རྩེ་ཤང་ཞིང་པ་གྲོང་ཚོ)ལྷ་འཛོམས་ཀྱི་སྣེ་ཁྲིད་འོག གྲམ་ཐང་དུ་གླ་ཚེར་དང་སྦྱར་པ་སོགས་ཚོད་འདེབས་བྱས། ལོ་གཅིག་གི་རྗེས་སུ་གླ་ཚེར་འཚར་སྐྱེས་ཡག་པོ་བྱུང་ཡོད། ས་གཤིས་དེ་རིགས་ལ་བ་ཚྭ་འགོག་ཐུབ་པ་དང་། ཐན་པ་ཐེག་ཐུབ་པ། གྲང་ངར་ཐེག་ཐུབ་པ། སྐྱེ་འཚར་གྱི་དུས་ཚོད་ཐུང་བ་བཅས་ཀྱི་རྩི་ཤིང་འདེབས་རྒྱུ་འཚམ་པོ་ཡོད་པས་ཕྱིས་སུ་ལྷུན་རྩེས་བྱེ་འགོག་གླ་ཚེར་མང་པོ་འདེབས་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

1966ལོར་བྱེ་རླུང་ལྡང་ཆེ་བའི་ཡུལ་དུ་ཡུན་རིང་འཚོ་སྡོད་བྱེད་མཁན་ལྷུན་རྩེ་བས་སྔ་སྡུག་ཕྱི་བསམ་བྱས་རྗེས་གླ་ཚེར་འདེབས་འགོ་ཚུགས། 1974ལོར་རྒྱལ་ཁབ་ཀྱིས་ཆེད་མངགས་མ་དངུལ་སྒོར་ཁྲི་1.5བཏང་ནས་སྡོང་ཕྲུག་ཁྲི་30སྤྲད་པ་དང་། ལྷུན་རྩེ་རྫོང་གིས་གཞི་ཁྱོན་ཆེན་པོའི་སྒོ་ནས་གླ་ཚེར་འདེབས་འཛུགས་བྱས་ཡོད། 1978ལོའི་རྗེས་སུ། ལྷུན་རྩེ་རྫོང་གི་གླ་ཚེར་འདེབས་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་བྱེ་འགོག་གི་ནུས་པ་རགས་ཙམ་ཐོན་ཡོད།

གླ་ཚེར་སྐྱེ་འཚར་ཡག་པོ་ཡོང་ཆེད། ལྷུན་རྩེ་བས་སྟོབས་ཤུགས་གཅིག་སྒྲིལ་ངང་ཆུ་མཛོད་སྐྲུན་པ་དང་ཆུ་ཡུར་བཟོ་བ་སོགས་ཀྱི་ལས་དོན་སྤེལ་ནས་ཨ་མདོ་ཆུ་མཛོད་དང་ལྷོ་བྱང་གི་ཆུ་ཡུར་ཨ་མ་གཉིས་བསྐྲུན་ཡོད། ལྷུན་རྩེ་བའི་འབད་བརྩོན་འོག་ས་བབ་ཅུང་དམའ་བའི་སར་སྐྱེ་འཚར་ལེགས་པའི་གླ་ཚེར་དག་ས་བབ་མཐོ་ཚད་སྨི་4350ཡོད་པའི་ས་ཆར་ཡང་སྐྱེ་འཚར་ཡག་པོ་བྱུང་ཡོད།

ལོ་བཅུ་གྲངས་ཁ་ཤས་ཀྱི་དུས་ཚོད་ནང་། ལྷུན་རྩེ་བས་བ་ཚྭའི་བྱེ་མས་ཁེངས་པའི་གྲམ་ཐང་དེ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་50.33ཟིན་པའི་སྔོ་ལྗང་དུ་འགྱུར་ཡོད།