《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

ཐོག་མའི་བསམ་འདུན་ཁྲག་རྒྱུན་ནང་འདྲེས་པ་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས།

འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ཀྱི་མཚམས་ཚིགས་གལ་ཆེན་འདིར་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་གཅིག་སྡུད་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བར་དོན་སྙིང་ཟབ་མོ་ལྡན་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་དང་། ཏང་སྟོབས་ཆེར་བཏང་སྟེ་སྲིད་སྐྱོང་མི་སྐྱོང་བྱེད་པའི་སློབ་དེབ་ཡག་ཤོས་ཤིག་རེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། འཆར་འགོད་ཞིབ་ཚགས་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕེལ་བར་བྱས་ཏེ་ཐོག་མའི་བསམ་འདུན་ཁྲག་རྒྱུན་ནང་འདྲེས་པར་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་རང་འགན་གཙང་སྒྲུབ་དང་བྱས་རྗེས་ཧུར་ཐག་བཞག་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དུ་བཅུག་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བྱ་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། “སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན” སྐད་འཕྲིན་གྱི་སྤྱི་རྟགས་སོགས་གཞི་རྟེན་དུ་བྱས་ནས་གཅིག་སྡུད་ཞིབ་བསྡུར་བགྲོ་གླེང་དང་། ཆེད་དོན་ཟུར་ཁྲིད། སློབ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར“སྟོད་ལུང་འགྲེམས་སྤེལ”གྱི་སྐད་འཕྲིན་སྤྱི་རྟགས་ཐོག《ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》སོགས་ཏང་གི་ལོ་རྒྱུས་སློབ་གསོའི་ནང་དོན་ཐེངས་20ལྷག་ཙམ་བཏོན་པ་དང་ཏང་གི་ལོ་རྒྱུས་ཀྱི་ཤེས་བྱ་འཆད་ཁྲིད་སོགས་ཐེངས་100ལྷག་ཙམ་སྤེལ་ཡོད། “འགོ་ཁྲིད་ལས་བྱེད་པས་གཞི་རིམ་དུ་བསྐྱོད་ནས་ཞུ་ཉན་ཡག་པོ་བྱེད་པ་དང་དོན་དངོས་སྒྲུབ་པའི”བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། “འགན་གཙང་ལྔའི་འགན་འཁྲིའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་ཚོ(གྲོང་ལྷན)དུ་བསྐྱོད་དེ་ཟས་གོས་སྡོད་སྐྱོད་སོགས་མང་ཚོགས་ཀྱི་དམངས་འཚོའི་ཐད་ཀྱི་དཀའ་ངལ་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་གནད་དོན་ཤེས་པ་དང་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད། མིག་སྔའི་བར་རིམ་ཁག་ཏང་ཡོན་ལས་བྱེད་པས་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་སྣེ་ལེན་ཞུས་ནས་གནད་དོན་10ལྷག་ཙམ་ཐག་གཅོད་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གཞིས་རྩེ་གྲོང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། གཙོ་གནད་བྱ་ཐབས། བཀོད་སྒྲིག་ཞིབ་ཚགས། སྤྱི་འདོམས་འཆར་འགོད་དང་སྐུལ་གཏོང་། ལས་འགན་དོན་འཁྱོལ་ལ་དམ་འཛིན་བཅས་ལ་དམ་པོར་དམིགས་ནས་སློབ་སྦྱོང་སློབ་གསོར་དངོས་ཕན་ཐོབ་པའི་འགན་ལེན་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྦྱོང་བ་དང་། ཏང་གི་སློབ་ཚན་ཡག་པོ་ཁྲིད་ནས་གཏིང་ཟབ་སྦྱོང་བ། གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྐུལ་འདེད་བཏང་སྟེ་སྦྱོང་བ། བྱ་ཐབས་སྣ་མང་སྤྱད་དེ་དམངས་ཡོངས་ཀྱིས་སྦྱོང་བ། ཞིབ་འཇུག་དང་རྒྱས་བཤད་བྱས་ཏེ་གཏིང་ཟབ་སྦྱོང་བ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གཙོ་གནད་ཁོང་དུ་ཆུད་པར་བྱས་ནས་རང་འགུལ་ངང་སྒྲོག་འགྲེལ་བྱེད་པ། རིག་རྩལ་དྲིལ་བསྒྲགས་དང་དྲ་རྒྱའི་དྲིལ་བསྒྲགས་ཡག་པོ་བྱེད་པ། ལག་ལེན་བྱེད་སྒོ་སྤེལ་བ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་ཚོགས་པ་སོགས་ཀྱི་ཐད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

ཆབ་མདོ་གྲོང་ཁྱེར་གཞུང་ལམ་ཡན་ལག་ཅུས་ཀྱི་ཏང་ཀྲི་པུའུ་ཡིས“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”དང“བོད་ལྗོངས་ཉིན་རེའི་ཚགས་པར”གྱི་སྐད་འཕྲིན་གྱི་སྤྱི་རྟགས་སོགས་ལས་སྟེགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་ནས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་150ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་དེ་བཞིན་ཏང་གི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་ལོ་རྒྱུས་དོན་རྐྱེན་སོགས་སློབ་སྦྱོང་བྱས་པ་དང་། 《ཀྲུང་གུང་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་འཆད་འཁྲིད》དང《ཏང་གི་སྒྲིག་ཡིག་ཁྲོད་ཀྱི་ཏང་གི་ལོ་རྒྱུས》སོགས་སློབ་སྦྱོང་སློབ་གསོའི་བརྙན་ལམ་གཅིག་སྡུད་ཐོག་བལྟས་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་བརྟན་པོ་བཙུགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་མདོའི་གཞུང་ལམ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཡག་པོ་བཙུགས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།

(བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)