《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

བོད་སྨན་སྣ་ཁ་102ཀྱི་རིན་པ་སྨན་བཅོས་འགན་བཅོལ་ནས་སྤྲོད་ཆོག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་དང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག(2020ལོ)》ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་ནས་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཀར་ཆག་ལེགས་སྒྲིག་བྱས་པ་བརྒྱུད་རང་ལྗོངས་ཀྱི་བོད་སྨན་སྣ་ཁ་102ཀྱི་རིན་པ་སྨན་བཅོས་འགན་བཅོལ་ནས་སྤྲོད་ཆོག་གི་ཡོད་པ་རེད། སྔར་ལོ་དང་མི་འདྲ་བར་ད་ཐེངས་ལེགས་སྒྲིག་གི་ཁྱད་ཆོས་གལ་ཆེན་ཞིག་ནི་རིན་གོང་གཅོག་རྒྱུར་གྲོས་མོལ་བྱས་པའི་སྨན་གྱི་སྣ་ཁ་མང་ཤོས་ཡིན་ལ་ཕན་ཐོགས་པའི་སྨན་བཅོས་ཁྱབ་ཁོངས་ཀྱང་ཆེ་ཤོས་ཡིན་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཐོབ་ཐང་འགན་ལེན་དང་སྨན་དང་སྨན་རྫས་ཞབས་ཞུ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ཐེངས་དཀར་ཆག་ལ་ལེགས་སྒྲིག་ཐེངས་མང་བྱས་པ་བརྒྱུད། སྨན་སྣ་ཁ་119དཀར་ཆག་ནང་བཅུག་པ་དང་སྨན་སྣ་ཁ་29དཀར་ཆག་ནས་འཐེན་ཡོད་པས་མཐར་དཀར་ཆག་ནང་སྨན་སྣ་ཁ་2800ཡོད་པའི་ནང་ཕྱི་ལུགས་ཀྱི་སྨན་སྣ་ཁ་1426དང་། ཀྲུང་ལུགས་ཀྱི་སྨན་གྲུབ་མ(དེའི་ནང་བོད་སྨན་སྣ་ཁ་43ཡོད་པ)སྣ་ཁ་1374ཡོད་པས་ཀྲུང་ལུགས་དང་ཕྱི་ལུགས་སྨན་གྱི་བསྡུར་ཚད་སྤྱིའི་ཆ་ནས་སྙོམས་ཡོད་པ་རེད། གྲོས་མཐུན་དུས་བཅད་ནང་གྲོས་མོལ་བྱེད་པའི་སྨན་སྣ་ཁ་221(དེའི་ནང་བོད་སྨན་སྣ་ཁ་3ཡོད་པ)ཡོད་པ་དང་ཐེབས་རྩ་ནས་སྤྲོད་ཆོག་པའི་བཏུང་སྨན་དང་སྨན་ལེབ་སྣ་ཁ་892ཡོད་པ་རེད། གཞན་ཡང་བོད་སྨན་སྣ་ཁ་2(གུར་གུམ་བསམ་འཕེལ་དང་བསམ་ནོར)སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་གྲོས་མཐུན་ནང་གྲོས་མོལ་བྱེད་པའི་ཀྲུང་ལུགས་སྨན་གྲུབ་མའི་དཀར་ཆག་ནང་བཅུག་ཡོད། ལེགས་སྒྲིག་བྱས་རྗེས་རང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནས་སྨན་རིན་སྤྲོད་ཆོག་པའི་བོད་སྨན་སྣ་ཁ་102ཡོད་པ་རེད།

སྔར་ལོ་དང་བསྡུར་ན་ད་ཐེངས་ལེགས་སྒྲིག་གི་ཁྱད་ཆོས་གལ་ཆེན་ཞིག་ནི་རིན་གོང་གཅོག་རྒྱུར་གྲོས་མོལ་བྱས་པའི་སྨན་གྱི་སྣ་ཁ་མང་ཤོས་ཡིན་ལ་ཕན་ཐོགས་པའི་སྨན་བཅོས་ཁྱབ་ཁོངས་ཀྱང་ཆེ་ཤོས་ཡིན་པ་རེད། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་ནང་གྲོས་མོལ་བྱུང་བའི་སྨན་སྣ་ཁ་119(དེའི་ནང་དཀར་ཆག་ཕྱིར་སྨན་སྣ་ཁ་96དང་དཀར་ཆག་ནང་སྨན་སྣ་ཁ་23ཡོད)ཡོད་པ་དང་གྲོས་མོལ་བྱུང་ཚད་73.46%ཟིན་པ་དང་ཆ་སྙོམས་སྨན་རིན་གཅོག་ཚད་50.64%ཟིན་ཡོད། ད་ཐེངས་དཀར་ཆག་ལེགས་སྒྲིག་བྱས་རྗེས་སྨན་སྣ་ཁ་119(ཁེ་ལས་གཅིག་རང་གིས་ཐོན་སྐྱེད་བྱེད་པའི་སྨན་སྣ་ཁ་96དང་ཁེ་ལས་གཞན་གྱིས་ཀྱང་ཐོན་སྐྱེད་བྱེད་པའི་སྨན་སྣ་ཁ་23)གསར་དུ་བཅུག་པ་དང་། སྨན་དེ་དག་ནད་ཐོག་སྨན་བཅོས་ཀྱི་རིགས་31དང་འབྲེལ་བ་ཡོད་པ་དང་ནད་ཐོག་སྨན་བཅོས་རིགས་ཚང་མའི་86%བཟུང་བས་ནད་པར་ཕན་པ་ཐོབ་ཁྱོན་དེ་བས་རྒྱ་ཆེ་བ་ཡོད། “གྲོས་མོལ་བྱེད་པའི་སྨན་གྱི་སྣ་ཁ་མང་དུ་སོང་ཡོད། དེའི་ནང་རིན་གོང་མཐོ་བའི་སྨན་ཁག་གཅིག་ཡོད་པས་རང་ལྗོངས་ཀྱི་ནད་པར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་རེད”ཅེས་འགན་འཁུར་བ་དེས་བཤད།