《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月21日

སྨྱུག་སོན་ནོར་སངས་ཀྱི་སྙན་ངག་ ཞར་བཀོད་བཞི།

༄༅། །རི་གྲོང་དུ་ལུས་པའི་དྲན་ཐོ།

རི་གྲོང་ནས་ལང་ཚོའི་ཁོ་ལག་རྒྱས་ཤིང་།

དམིགས་པ་ལྗང་ཁུ་ཞིག་རུམ་དུ་བཅུག་སྟེ།

ཕུགས་བསམ་ཞེས་པའི་ཡིག་འབྲུ་གཉིས་ཀྱི་ཆེད།

གཞན་ཡུལ་པང་དུ་ལེན་དགོས་བྱུང་སོང་།

རི་གྲོང་ནས་ཨ་མའི་བསླབ་བྱ་ཉན་ཞིང་།

ཨ་མའི་མར་སྤགས་ཀྱི་བྲོ་བ་མྱངས་ཏེ།

རྒྱང་རིང་ཞེས་པའི་ཡིག་འབྲུ་གཉིས་ཀྱི་ཆེད།

དཀའ་བ་ཡོད་ཚད་གདོང་གིས་བསུ་དགོས་བྱུང་སོང་།

རི་གྲོང་ནས་དྭངས་གཙང་གི་མཁའ་དབུགས་རྔུབ་ཅིང་།

མགོ་ཐོག་གི་སྤྲིན་དཀར་ཚད་དུ་བཙུགས་ཏེ།

འཚོ་བ་ཞེས་པའི་ཡིག་འབྲུ་གཉིས་ཀྱི་ཆེད།

མི་ཚེའི་རྣམ་ཐར་སྐྱོང་དགོས་བྱུང་སོང་།

རི་གྲོང་ནས་བྱིས་དུས་ཀྱི་སྣང་བ་དྲན་ཐོར་བཀོད་ཅིང་།

གནས་འདིའི་དྲོ་སྐྱིད་སེམས་སུ་སྒོམ་སྟེ།

འབྱུང་འགྱུར་ཞེས་པའི་ཡིག་འབྲུ་གཉིས་ཀྱི་ཆེད།

སྔར་བཞིན་གོམ་ཁ་དེ་གཞན་ཡུལ་དུ་བསྒྱུར་དགོས་བྱུང་སོང་།

༄༅། །མུན་པ་ལ་རེག་པ།

མུན་པའི་ཕྱི་ནང་ལ་རེག་ཚེ།

སྣང་བའི་བཀའ་དྲིན་ལ་ཡིད་ཆེས་རྙེད་ཐུབ།

མུན་པ་ལུས་ལ་གྱོན་ནས།

སྐར་ཚོགས་ལ་ཐོད་པ་གཏུགས་ན།

བསླུ་བྲིད་ཀྱི་ཡོལ་བ་ཕྱེ་ཐུབ་བམ།

མུན་པའི་ཕྱི་ནང་ལ་རེག་ཚེ།

སྣང་བའི་བཀའ་དྲིན་ལ་ངེས་ཤེས་རྙེད་ཐུབ།

སྣང་བ་སྙིང་ལ་སྒོམ་སྟེ།

མུན་པ་ལ་འགྲམ་ལྕག་གཞུས་ན།

དོ་ནུབ་ཀྱི་གསང་བ་བརྟོལ་ཐུབ་བམ།

༄༅། །དཔྱིད་རླུང་དང་རེ་བ།

དཔྱིད་རླུང་ལྡང་གིན་འདུག

དཔྱིད་རླུང་དལ་བུར་ལྡང་གིན་འདུག

དཔྱིད་རླུང་བསིལ་བསིལ་གྱི་རྒྱུ་ཕྱོགས་དང་བསྟུན་ནས།

ས་ནག་དང་འཐབ་པའི་ཞིང་པ་ཚོ།

རྔུལ་ཆུའི་བང་རིམ་གཏོར་བའི་ལས་ལ་བྲེལ་བཞིན་འདུག

རེ་བས་ཁེངས་པའི་དཔྱིད་ཀ་འདིར།

དཔྱིད་རླུང་ནི་སོ་ནམ་པའི་རེ་བ་ཡིན།

དཔྱིད་རླུང་ནི་སོ་ནམ་པའི་སྙིང་སྟོབས་ཀྱི་གོ་ཆ་ཡིན།

དཔྱིད་རླུང་ལྡང་གིན་འདུག

དཔྱིད་རླུང་སྔར་བཞིན་ལྡང་གིན་འདུག

རེ་བས་ཁེངས་པའི་དཔྱིད་ཀ་འདིར།

སོ་ནམ་པའི་ངོ་གདོང་ལ་སྐྱོ་ཉམས་ཡེ་ནས་མེད།

རྔུལ་ཆུའི་ཐིགས་པས་ངོ་གདོང་བཀྲུས་ཀྱང་།

དགའ་ལྷང་ལྷང་གི་གླུ་དབྱངས་ལ་རྫོགས་མཐའ་མི་འདུག

དཔྱིད་ཀ་འདིར།

གོམ་པའི་འདེགས་འཇོག་ཞིང་ཐང་དུ་སྤོ་དགོས།

རེ་བའི་གླུ་དབྱངས་ཞིང་ཐང་ནས་ལེན་དགོས།

ཁྱེད་ཚོར་དཔྱིད་རླུང་གི་སྡོང་གྲོགས་ཡོད་པས།

རྡུལ་ཆུའི་རི་མོ་ས་གཞིར་འབྲི་དགོས་ཨང་།

༄༅། །བློས་བསླངས་དང་རྒྱང་སྐྱོད།

བློས་བསླངས་ཐེངས་ཤིག་བྱོས་དང་།

བཟའ་བཏུང་ཁོ་ནར་རོལ་བ།

འཚོ་བའི་བདེ་སྐྱིད་མིན་པ་རྟོགས་སྲིད།

དཔེ་ཆའི་ནང་གསལ་བའི་གནས་ལུགས་ཁོ་ནས།

ཡིན་མིན་ལ་ཆ་འཇོག་མི་འཕེར་བས།

རྒྱང་སྐྱོད་ཀྱི་ལམ་དུ་ཞུགས་དང་།

ཕ་མེས་ཀྱི་ལམ་བུ་སེམས་ཀྱིས་མཐོང་ངེས།

བློས་བསླངས་དང་རྒྱང་སྐྱོད།

ཁྱེད་རང་མདུན་དུ་བསྐྱོད་པའི།

སེམས་ཀྱི་འོད་སྣང་ཡིན།

བློས་བསླངས་དང་རྒྱང་སྐྱོད་ཡོད་པས།

ཡིན་མིན་གྱི་སྲང་མདོ་རུ།

ཁྱེད་རང་མགོ་བོ་གཏན་ནས་འཐོམ་མི་སྲིད།

བློས་བསླངས་དང་རྒྱང་སྐྱོད་ཡོད་པས།

བོར་ཟིན་པའི་སྙིང་པོ་དེ་དག་ལ།

ངེས་ཤེས་རྣལ་མ་ཞིག་རྙེད་ཐུབ།