《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月21日

འབྲས་སྐྲན་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་འཕྲོད་སྦྱོར་སྐོར།

གཅིག གང་འདྲ་ཞིག་ལ་འབྲས་སྐྲན་ཟེར་རམ།

འབྲས་སྐྲན་ཞེས་པ་ནི་རྒྱུན་དུ་མཐོང་བའི་ནད་གཞི་དང་ཐོན་མང་བའི་ནད་གཞི་ཞིག་ཡིན་སྟབས་མི་རྣམས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད། འབྲས་སྐྲན་གྱིས་རྐྱེན་པས་མི་ཤི་ཚད་དེ་འཛམ་གླིང་ཐོག་སྙིང་ཁམས་ཁྲག་རྩའི་ནད་དང་འགོ་ནད་རྗེས་ཀྱི་ཨང་གསུམ་པར་སླེབས་པར་བརྟེན་མིའི་རིགས་ཀྱིས་འབྲས་སྐྲན་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་འཕྲོད་སྦྱོར་ལ་སྔར་བས་མཐོང་ཆེན་བྱེད་དགོས། སྐྲན་ཞེས་པ་ནི་ཕྲ་ཕུང་གི་རིགས་ཤིག་སྟེ་གཞན་དང་མི་འདྲ་བར་ཆེ་རུ་འགྲོ་བའི་ཁྱད་ཆོས་ལྡན་པའི་ནད་གཞིའི་སྤྱི་མིང་ཡིན། དེའི་ངོ་བོ་འགྱུར་བའི་གཞི་རྒྱུས་ཆ་འཕྲིན་ནོར་འཁྲུལ་གྱི་བརྡ་བསྟན་ནས་ཉུང་མཐར་ཆ་འཕྲིན་རིགས་གཅིག་དེ་ནད་གཞི་ངོ་མའི་བརྡ་སྟོན་པའི་ཆ་འཕྲིན་དང་མི་འདྲ་བ་ཡོང་གི་ཡོད།

ཕྲ་ཕུང་གཅིག་དང་ཐོག་མགྱོགས་མྱུར་ཆེ་རུ་དང་ལྡབ་ཁ་ཤས་ཀྱིས་ཆེ་རུ་ཕྱིན་ནས་བཅོས་དཀའ་བའི་འབྲས་སྐྲན་ནམ་ཡང་ན་སྐྲན་ལ་འགྱུར་གྱི་ཡོད། ནད་ཐོག་སྨན་བཅོས་ཁྲོད་སྐྲན་ཡིན་ཚེ་ཐམས་ཅད་བཅོས་དཀའ་བའི་འབྲས་སྐྲན་ཡིན་པའི་ངོས་འཛིན་བྱེད་མེད། བཅོས་སླ་བའི་སྐྲན་ནི་མིའི་གཟུགས་པོའི་ཆ་ཤས་གང་རུང་ལ་ཆགས་སྲིད་པ་སྟེ། དཔེར་ན། མི་མང་པོའི་གཟུགས་པོའི་པགས་པའི་སྟེང་རྨེ་བའམ་ཚིལ་སྐྲན་སྐྱེ་བ་དག་ནི་བཅོས་སླ་བའི་སྐྲན་གྱི་རིགས་ཡིན། དེ་དག་སྐྱེ་ས་དམིགས་བསལ་དཔེར་ན་ཀླད་པའི་ནང་སྐྱེ་བ་ཕུད་དེ་མིན་གྱི་སྐྱེ་སའི་གཟུགས་པོའི་གྲུབ་ཆ་དང་དབྱེ་བ་གསལ་པོ་ཆོད་པས་མིའི་གཟུགས་པོར་ཐད་ཀའི་གནོད་འཚེ་མེད། གལ་སྲིད་སྐྲན་དེས་གཟུགས་པོར་མི་གནོད་པའམ་ཡང་ན་ཉེ་འཁོར་གྱི་གཟུགས་པོའི་གྲུབ་ཆ་གནོན་པ་སོགས་མ་བྱས་ཚེ་སྣང་མེད་དུ་གཏོང་ཆོག ཡིན་ནའང་བཅོས་དཀའ་བའི་འབྲས་སྐྲན་ནི་གོང་དང་མི་འདྲ་བ་ཡོད། གང་ལགས་ཤེ་ན། བཅོས་དཀའ་བའི་འབྲས་སྐྲན་དེ་གཟུགས་པོའི་ཉེ་འཁོར་གྱི་གྲུབ་ཆའི་ནང་སྐྱེས་ནས་གནོད་འཚེ་བཟོ་བར་བརྟེན་འབྲས་སྐྲན་དེ་དག་ལ“སྐྱི་པགས”ལྟ་བུའི་དབྱེ་མཚམས་གསལ་པོ་འབྱེད་རྒྱུ་མེད་པ་ཞིག་རེད། དེས་མ་ཚད་འབྲས་སྐྲན་དེ་དག་གཟུགས་པོའི་ཆ་ཤས་གཞན་ལ་ཁྱབ་ནས་མིའི་གཟུགས་པོར་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད། དེ་ལྟར་འབྲས་སྐྲན་མཆེད་པའི་ནད་རྟགས་མང་པོ་ཐོན་པ་ནི་དོན་དངོས་ཐོག་འབྲས་སྐྲན་ཕོག་པའི་ནད་པ་མང་པོ་འཆི་བའི་ཐད་ཀའི་རྒྱུ་རྐྱེན་ཡིན་པ་རེད།

གཉིས། འབྲས་སྐྲན་ཕོག་པའི་རྒྱུ་མཚན་གང་ཡིན་ནམ།

དེའི་ཐད་ད་བར་བཤད་ཚུལ་སྣ་ཚོགས་ཡོད། ད་ལྟའི་བར་ཕལ་ཆེ་བས་ཡོངས་བསྒྲགས་སུ་ཁས་ལེན་པའི་འབྲས་སྐྲན་གྱི་རྐྱེན་རྩ་ནི་གཞི་རྒྱུར་འགྱུར་ལྡོག་བྱུང་ནས་ཕྲ་ཕུང་འཁྲུག་པའི་བཤད་ཚུལ་དེ་ཡིན། “ཕྲ་ཕུང་གྱེས་ཚུལ”ཞེས་པ་ནི་མིའི་རིགས་ཀྱི་ཕྲ་ཕུང་དེ་ཐོག་མའི་ཕྲ་ཕུང་ནས་གྲུབ་ཚུལ་གྱི་བྱེད་ནུས་རྒྱུན་གཏན་བཞིན་ཡོད་པའི་ཕྲ་ཕུང་ལ་འགྱུར་བའི་བརྒྱུད་རིམ་ལ་ཟེར་བ་དང་། “ལྡོག་པའི་ཕྲ་ཕུང་གྱེས་ཚུལ”ཞེས་པ་ནི་གོང་དང་གོ་ལྡོག་པ་ཞིག་རེད། གཞི་རྒྱུ་ལ་སྐྲན་འགོག་པ་དང་སྐྲན་དུ་འགྱུར་བའི་གཞི་རྒྱུ་གཉིས་ཡོད། རྒྱུན་གཏན་གྱི་གནས་ཚུལ་ཁྲོད་གཞི་རྒྱུའི་རིགས་དེ་གཉིས་གཅིག་ཕན་གཅིག་རོགས་ཀྱི་དོ་སྙོམས་ངང་གནས་ནས་རྒྱུན་གཏན་གྱི་ཕྲ་ཕུང་གི་ནུས་པ་ཐོན་གྱི་ཡོད། གལ་ཏེ་ཕྱིའི་རྒྱུ་རྐྱེན་དཔེར་ན་ཁོར་ཡུག་གི་རྒྱུ་རྐྱེན་དང་། འཚོ་བའི་གོམས་གཤིས། ཟས་དང་འཚོ་བཅུད་བསྟེན་སྟངས། རྫས་འགྱུར་གྱི་ནད་རྐྱེན། ནད་དུག འགྱེད་འཕྲོའི་འོད་སོགས་ནད་གཞི་སློང་བའི་རྐྱེན་དུ་གྱུར་ནས་གཟུགས་པོར་གནོད་འཚེ་བཏང་ཚེ། སྐྲན་གྱི་གཞི་རྒྱུ་མང་པོ་གསོས་ཏེ་སྐྲན་འགོག་པའི་ནུས་པ་ཤོར་ནས་མཐར་རྒྱུན་གཏན་གྱི་ཕྲ་ཕུང་དེ་འབྲས་སྐྲན་ལ་འགྱུར་གྱི་ཡོད།

གསུམ། མི་ཚོགས་གང་ཞིག་ལ་འབྲས་སྐྲན་ཕོག་སླ་པོ་ཡོད་དམ།

འབྲས་སྐྲན་ཕོག་སླ་བའི་མི་ཚོགས་ནི་སྤྱི་ཚོགས་ཐོག་གི་མི་ཁག་གཅིག་སྟེ་སྐྲན་གང་རུང་ཞིག་ཕོག་པའི་ནད་པ་ཉེན་ཁ་ཤིན་ཏུ་ཆེ། ཡིན་ནའང་ངེས་པར་གསལ་སྟོན་བྱེད་དགོས་པ་ཞིག་ནི་ཉེན་ཚབས་ཆེ་བའི་མི་ཚོགས་ཚང་མར་སྐྲན་ནད་ཕོག་པའི་ངེས་པ་མེད། ཉེན་ཚབས་ཆེ་བའི་མི་ཚོགས་སུ་མ་གཏོགས་པའི་རིགས་ལའང་སྐྲན་ནད་ཕོག་གི་ཡོད། རྒྱུ་རྐྱེན་འགའ་ཞིག་གི་དབང་གིས་མི་ཚོགས་དེ་རིགས་ཁྲོད་སྐྲན་ནད་ཕོག་ཚད་དེ་རྒྱུན་གཏན་གྱི་མི་ལས་ལྡབ་མང་པོས་མཐོ་བ་ཡོད། དེར་བརྟེན་མི་ཚོགས་དེ་རིགས་ནི་སྐྲན་ནད་སྔོན་འགོག་བྱ་ཡུལ་གཙོ་བོར་གྱུར་པ་སྟེ། 1.གཤམ་གསལ་གྱི་ལས་རིགས་སམ་ཡང་ན་ལས་རིགས་དེ་དག་དང་འབྲེལ་གཏུག་བྱེད་མཁན་དག་ཉེན་ཚབས་ཆེ་བའི་མི་ཚོགས་སུ་གཏོགས་པ་སྟེ། རྡོ་རྒྱུས་དང་། པིན་རྒྱུ། ཀེ་རྒྱུ། ཤིང་ཕྱེ། གྱེས་འཕྲོའི་འོད། སྨུག་ཕྱིའི་འོད། རྡོ་སོལ་གྱི་དུ་བ། འབུ་སྨན། ཁྱིམ་ཆས་བཟོ་བའི་ལས་ཀ་སོགས་དང་འབྲེལ་བ་ཡོད་པའི་རིགས། 2.ཁྱིམ་རྒྱུད་ལ་འབྲས་སྐྲན་ནད་གཞི་ཕོག་མྱོང་ཡོད་པའི་མི་དང་འབྲས་སྐྲན་ནད་ལ་འགྱུར་ཉེར་ཡོད་པའི་ནད་པ་ཡོད་རིགས། 3.དུས་ཡུན་རིང་པོར་ཐ་མག་འཐེན་པ་དང་། ཐ་མག་འཐེན་མཁན་ཁྲོད་སྡོད་པ། ཆང་རག་འཐུང་བ་དང་དེ་མིན་གཞན་ལ་དགའ་མོས་ཡོད་མཁན། 4.མཆིན་ནད་ལྡེམ་བུ་སོགས་ཀྱི་ན་ཚ་ཕོག་མཁན་བཅས་ཡིན།

(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)