《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月17日

ཀྲོང་ཡན་གྱིས་ལྷ་སར་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲོང་ཡན་སྔ་རྗེས་སུ་འབྲས་སྤུངས་དགོན་པ་དང་། སེ་ར་དགོན་པ། ར་མོ་ཆེ། གཙུག་ལག་ཁང་གི་ཐང་ཆེན་སོགས་སུ་ཕེབས་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཀྲོང་ཡན་གྱིས་དགོན་སྡེ་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ལྗོངས་ཡོངས་སུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྤྱི་ཡོངས་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཏེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

ཀྲོང་ཡན་གྱིས་མིག་སྔར་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྣམ་པ་རིམ་གྱིས་ལེགས་སུ་འགྲོ་བཞིན་ཡོད་མོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) འོན་ཀྱང་གོ་ལ་ཧྲིལ་པོའི་རིམས་ནད་ལ་འགྱུར་ལྡོག་འགྲོ་བ་དང་ཡུལ་སྐོར་བ་བོད་དུ་ཡོང་མང་བའི་དུས་སུ་སླེབས་པ་དང་བསྟུན་ནས་རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པའི་རང་ལྗོངས་ཀྱི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་སྔར་བཞིན་ཆེ་ཙམ་ལྡན་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་ལ་སྔར་བཞིན་ལྷོད་གཡེང་དུ་གཏོང་མི་རུང་། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཏོགས་ཁོངས་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་རིམས་ནད་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་དུས་ཚོད་དམ་འཛིན་གྱིས་ཕན་འབྲས་ཐོན་པར་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལེགས་སྒྲིག་དང་ལེགས་སུ་འོས་འཚམ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཐོབ་པར་དཀའ་བའི་ཕན་འབྲས་རྒྱུན་མཐུད་བརྟན་དུ་གཏོང་དགོས། ཆོས་ལུགས་རིགས་ཁོངས་ཀྱི་འཐུས་ཚབ་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་ནས་འགོ་བཙུགས་ཏེ་དགོས་ངེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་ཐབས་མུ་མཐུད་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དཔྱིད་ཀྱི་ཁ་བའི་ཁྲོད་ཡུལ་སྐོར་བ་ཚོ་གཙུག་ལག་ཁང་གི་ཐང་ཆེན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་ཡོང་སྟེ་པར་རྒྱག་པ་སོགས་བྱེད་ཀྱི་ཡོད། ཀྲོང་ཡན་གྱིས་ཐུགས་སྣང་གཤིན་པོས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་ཁོང་ཚོ་བོད་དུ་ཡུལ་སྐོར་ལ་ཡོང་བའི་མྱོང་ཚོར་བཀའ་འདྲི་གནང་བ་རེད། རང་ལྗོངས་ཀྱི་དམིགས་བསལ་མཛེས་ལྗོངས་དང་། ཞི་མཐུན་བདེ་འཇགས་ཀྱི་ཁོར་ཡུག སེམས་རྩ་འཁོལ་བའི་ཞབས་ཞུ་སོགས་ལ་ཡུལ་སྐོར་བ་ཚོའི་བསྔགས་བརྗོད་ཚད་མེད་ཐོབ་ཡོད།

ཀྲོང་ཡན་གྱིས་གཙུག་ལག་ཁང་གི་ཐང་ཆེན་དུ་བདེ་ཐང་གི་འོས་འགན་སྨན་བཅོས་དང་། རིན་མེད་སྐྲ་བཞར། གཙང་སྦྲ་བཅས་བྱེད་མཁན་དཔུང་སྡེའི་དཔོན་དམག་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་བོད་སྡོད་དཔུང་སྡེས་གཉིས་བཀུར་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྒྱ་ཆེའི་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་ཏེ་མི་དམངས་བུ་ཕྲུག་དམག་གིས་དམངས་གཅེས་དམངས་ཆེད་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་མེས་རྒྱལ་གྱི་བདེ་འཇགས་དང་མི་དམངས་ཀྱི་ཞི་བདེའི་འཚོ་བ་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ཁུར་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)