《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨའོ་ལིའུ་ཆོན་གྱིས་གསུངས་དོན།

ཀྲེ་ཅང་བོད་སྐྱོར་གྱིས་ནག་ཆུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

“ལོ་26རིང་ཁ་གཏད་བོད་སྐྱོར་ལས་དོན་ལ་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། དཔལ་འབྱོར་བོད་སྐྱོར་གཙོ་བོར་བྱས་ཏེ་ཕྱོགས་ཡོངས་ནས་ལས་བྱེད་པའི་བོད་སྐྱོར་དང་། ཤེས་ལྡན་པའི་བོད་སྐྱོར། ལག་རྩལ་བོད་སྐྱོར་བཅས་བྱས་ནས་བོད་སྐྱོར་བྱེད་སྟངས་གསར་གཏོད་དང་བོད་སྐྱོར་ཕན་འབྲས་འགན་ལེན་བྱས་པ་དང་། རྣམ་གྲངས་དང་། མ་དངུལ། རིག་སྟོབས་སོགས་ཐད་ཕྱོགས་མང་པོ་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་33.13བཀོད་སྒྲིག་དང་བོད་སྐྱོར་རྣམ་གྲངས་ཁག་475ལག་ལེན་བསྟར་ནས་ནག་ཆུའི་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དེ་ལྟར་གསུངས་པ་རེད།

ཨའོ་ལིའུ་ཆོན་གྱིས། 1995ལོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་གྱི་ཁག་ཐེངས་9ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་701གིས“ཉ་དང་འབྲས་ཀྱི་ཕ་ས”ནས་བྲལ་ཏེ“བྱང་རྩྭ་ཐང”དུ་ཡོང་ནས་སེམས་ནུས་ཡོད་རྒུས་དུས་རབས་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་། བྱང་རྩྭ་ཐང་རང་ཉིད་ཀྱི་ཕ་ཡུལ་གཉིས་པ་དང་ནག་ཆུའི་ལས་དོན་ཀྲེ་ཅང་གི་ལས་དོན་ལ་བརྩིས་ནས་ནག་ཆུའི་མི་རིགས་ཁག་གི་མི་དམངས་དང་བདེ་སྡུག་མཉམ་མྱོང་དང་། མཉམ་དུ་འབད་འཐབ། གཅིག་སེམས་གཅིག་སྒྲིལ་བཅས་བྱེད་པ། དཀའ་སྡུག་ཆེ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་སྤྲོད་པ། ལས་གཏོད་ལས་སྒྲུབ་ཁྲོད་འཇོན་ཐང་ངོམས་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

ནག་ཆུའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་གནད་སྨིན་ཡོང་བར་འདེགས་སྐྱོར་ཡག་པོ་བྱེད་པའི་ཐད་ཨའོ་ལིའུ་ཆོན་གྱིས། རོགས་སྐྱོར་ཐོབ་མཁན་ས་ཁུལ་གྱིས་ཕུགས་ཀྱི་འཕེལ་རྒྱས་ལ་གཞི་ཚུགས་ཏེ་ཀྲེ་ཅང་གི་ཉམས་མྱོང་དང་ནག་ཆུའི་ལེགས་ཆ་འདོན་རྒྱུར་དམ་འཛིན་བྱེད་པ་དང་། མ་དངུལ་དང་། རྣམ་གྲངས། སྲིད་ཇུས་སོགས་ནས་མུ་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཚན་རྩལ་བོད་སྐྱོར་ཀྱི་སྤུས་རྟགས་གསར་པ་གཏོད་པ། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཧུར་ཐག་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་སྣོད་བཅུད་ཐོན་རྫས་ཀྱི་རིན་ཐང་སྐྱེད་སྲིང་བཅས་བྱེད་དགོས་ཞེས་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)