《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་དོན།

གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས་བྱེད་དགོས།

“ཡུལ་མི་ཚང་མའི་ཁྱིམ་དུ་རྒྱལ་དར་བསྒྲེངས་པ་དང་གཙོ་འཛིན་གྱི་སྐུ་པར་བཀལ་ཏེ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དུས་རབས་ཀྱི་ཐུན་མོང་གི་འབོད་སྒྲ་མཉམ་དུ་སྒྲོག་པ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་སྟེ་དུས་བདེ་ཞི་མཐུན་ཚང་མས་སྲུང་བ། ལུགས་རྙིང་དང་སྲོལ་ངན་དོར་ནས་གྲོང་གསེབ་ཀྱི་ཤེས་དཔལ་ཐུན་མོང་ཐོག་གཏོད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་པ་དང་། ཁོང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་སྐབས་རྒྱུས་མངའ་ཆེན་པོས། གཞི་རིམ་གྱི་བཅོས་སྐྱོང་ནུས་ཕྱོད་མུ་མཐུད་ཆེ་རུ་བཏང་བ་ལས། བོད་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་མང་བ་བྱུང་ཡོད་ཅེས་གསུངས་པ་རེད།

བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་དོན། རྫོང་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གྲོང་གསེབ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་ཀྱི་ཡོད། འདི་ལོའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་ཁྲོད་སྲིད་འཛིན་གྲོང་ཚོ་20ཡི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་ལས་གྲུབ་པའི་ཁོངས་མི་ཚང་མ་ཏང་ཡོན་དུ་འགྱུར་ཐུབ་པ་བྱུང་ཡོད། དུས་མཚུངས་སུ་འཕྱོངས་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དེ་གྲོང་གསེབ་བཅོས་སྐྱོང་གི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ། འགལ་བ་དང་རྩོད་གཞི་འཕྲལ་མར་དྲ་མིག་ནང་བསལ་བ་དང་། དྲ་མིག་ཅན་གྱི་དོ་དམ་ནང་དམངས་ཕན་ཞབས་ཞུའི་དམིགས་ཚད་དེ་བས་མང་བ་མཉམ་འདྲེས་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་བཏང་བ་མ་ཟད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུའང་བཏང་ཡོད།

བཀྲ་ཤིས་རྒྱལ་མཚན་གྱིས། གྲོང་གསེབ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཞིང་འབྲོག་ཁུལ་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་ཟབ་ཏུ་བཏང་ཡོད། གོམ་སྟབས་རྗེས་མར་དུས་རབས་གསར་པར་གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་གཞི་རྩའི་རྨང་གཞི་བརྟན་དུ་གཏོང་བའི་དམིགས་ཚད་ལ་མུ་མཐུད་གཞིགས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱེད་པའི་བླང་བྱ་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་བརྟན་པོ་བསྟར་བའི་འགན་ལེན་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་ཞེས་གསུངས་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)