《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་དགོས།

གནད་བསྡུས།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཏན་ཏིག་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མ་ཟད། ལྷག་པར་དུ་འཕེལ་རྒྱས་ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་བར་ཕན་ཐོགས་ཡོད་དགོས་ཞེས་ང་ཚོར་བཀའ་མངགས་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་གལ་ཆེན་བློ་ལ་བརྟན་པོར་བཅངས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། འཕེལ་རྒྱས་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིཌ་པ། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དུས་ཡུན་རིང་པོར་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་ཐུབ་པས། བྱ་གཞག་ཁག་ཕྱོཌ་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ། བོད་འདི་ཉིད་དབུལ་པོ་དབུལ་རྐྱང་གི་གནས་ལས་རྦད་དེ་ཐར་བ། མང་ཚོགས་མང་པོ་ཞིག་གི་འཚོ་བ་ཆུ་ཟོམ་ནས་ཆུ་མདོང་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། བྱེ་རྡོའི་ལམ་ནས་སྣུམ་ནག་ལམ་བར་བཅས་ཀྱི་ལེགས་བཅོས་བྱུང་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་ཆེར་ཕྱིན་ནས་ལས་ཞུགས་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཏེ་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་2015ལོའི་ལྡབ་1.8ཡིན་པ། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95%ཟིན་པ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%ཡན་ཟིན་པ། ནད་ཆེན་རིགས་400ལྷག་ཙམ་བོད་ནས་ཐོན་མི་དགོས་པར་སྨན་བཅོས་ཐུབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་མཐོ་རུ་སོང་ཡོད། ད་ཆ་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ནས། བཟའ་བཅའ་སྔར་བས་ཕུན་སུམ་ཚོགས་སུ་དང་། གྱོན་ཆས་ལ་སྔར་བས་དོ་སྣང་། སྡོད་ཁང་སྔར་བས་སྐྱིད་སྣང་དོད་པ། འཛད་སྤྱོད་སྔར་བས་རིམ་སྤོར་བཅས་བྱུང་བས། སེམས་གཏིང་ནས“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་གནང་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ལས་བྱུང་བ་ཞིག་རེད”ཅེས་བརྗོད་པ་དང་། ཚང་མས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། མེས་རྒྱལ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་ཀྱི་ཡོད།

བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཆེན་པོ་ནི་རང་རྒྱལ་གྱི་དབུལ་སྐྱོར་འཐབ་ཇུས་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པའི་མཚོན་ཚུལ་ཞིག་རེད། དེས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུར་ཡང་ཤུགས་རྐྱེན་ཐེབས་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཡོད་ལ། ལྗོངས་ཡོངས་ཀྱི་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཡང་ཕྱིན་ཡོད། དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར། འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་མཚོན་གྱི་ཡོད། ང་ཚོས་ངེས་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡོད་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ། མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་བཅས་ཀྱི་དཀའ་གནད་དང་བྱ་བ་དངོས་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།