《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས་དོན།

ཡུལ་མི་ཚོའི་སྣེ་ཁྲིད་དེ་གནམ་ས་གསར་པ་ཞིག་གཏོད་ཀྱི་ཡིན།

འདི་ནི་དཀོན་མཆོག་ཆོས་སྒྲོན(གཡོན)གྱིས་ཚོགས་རའི་ཕྱི་རོལ་དུ་རང་ལྗོངས་ཀྱི་ཚོགས་ཞུགས་ཨུ་ཡོན་དང་དྲན་རྟེན་པར་རྒྱག་བཞིན་པ།

“ལྷུན་རྩེ་རྫོང་ནས་རྩ་རི་ཤང་བར་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་བསྡད་ཀྱང་ཉིན་གསུམ་ཏག་ཏག་འགྲོ་དགོས་ཀྱི་ཡོད”དེ་ནི་དཀོན་མཆོག་ཆོས་སྒྲོན་ལོ་6ལ་སླེབས་པའི་སྐབས་ཀྱི་དྲན་ཤེས་རེད།

རྩ་རི་ཤང་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་མཐའ་མཚམས་ཤང་ཡིན་པ་དང་དེ་སྔ་བོད་ཀྱི་ཤིན་ཏུ་དབུལ་བའི་ཐག་རིང་ལུང་ཁུག་ཤང་གི་ཁོངས་སུ་གཏོགས་ཀྱི་ཡོད། སློབ་གྲྭ་ཐོན་རྗེས་དཀོན་མཆོག་ཆོས་སྒྲོན་གྱི་ཨ་མས་ཁོ་མོ་ཕ་ཡུལ་ལྷུན་རྩེ་རྫོང་དུ་ལས་ཀ་བྱེད་པར་བསྐོང་།

རྗེས་སུ་ལྷུན་རྩེ་རྫོང་ཞིང་པ་ཤང་དུ་ལས་ཀ་རག་པའི་དཀོན་མཆོག་ཆོས་སྒྲོན་གྱིས་ཨ་མར་རིམ་གྱིས་བསམ་ཤེས་ཐུབ་པ་དང་། ཨ་མས་དེ་འདྲ་བྱེད་དོན་ནི་དཀའ་སྡུག་ཚད་མེད་མྱངས་མྱོང་བའི་རྨོ་བོའི་ཆེད་དུ་ཡིན་པ་རེད།

དཀོན་མཆོག་ཆོས་སྒྲོན་གྱི་རྨོ་བོ་ནི་རྩ་རིའི་ལྷོ་པ་རིགས་ཡིན་པ་དང་། བོད་རྙིང་པའི་སྐབས་སུ་ཁྲལ་པ་ཡིན་པའི་ཁོང་གི་རྨོ་བོ་ཐེངས་མང་བཙོངས་པ་དང་། ལྷམ་གྱོན་རྒྱུ་མེད་ལ་ལྟོ་ཡང་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད་པའི་ཁར་ལས་ཀ་བྱེད་སྐབས་རྟག་ཏུ་ཉེས་རྡུང་གཟེད་ཀྱི་ཡོད། དེ་ལྟ་བུའི་གནས་བབ་ལ་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་དེར་གཞི་ནས་འགྱུར་ལྡོག་བྱུང་བ་རེད།

ཞིང་བྲན་གྱི་ཕྲུ་གུ་ཡར་ལངས་བྱུང་ནས་རང་ཁྱིམ་རང་བདག་ཏུ་གྱུར་ཏེ་དཀོན་མཆོག་ཆོས་སྒྲོན་གྱི་ཨ་མར་ཉིང་ཁྲི་འཕྲོད་བསྟེན་སློབ་གྲྭར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་གོ་སྐབས་ཐོབ། སློབ་གྲྭ་ཐོན་རྗེས་ཁོང་གིས་ལྷ་སར་ལས་ཀ་བྱེད་པའི་གོ་སྐབས་བློས་བཏང་ནས་རྩ་རི་ཤང་འཕྲོད་བསྟེན་ཁང་དུ་ལས་ཀར་འགྲོ་རྒྱུའི་རེ་ཞུ་བྱས།

“ངའི་ཨ་མས་ཤོད་པའི་སྐད་ཆ་མང་ཤོས་ནི་གུང་ཁྲན་ཏང་མེད་ན་ང་ཚོར་ད་ལྟའི་འཚོ་བ་མེད། དེས་ན་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆ་དང་མེས་རྒྱལ་གྱི་དཀའ་སྡུག་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་ཁབ་དང་། ཏང་། ཁྱིམ་གཞིས་བཅས་ལ་དགའ་ཞེན་བྱེད་དགོས་པ་དེ་ཡིན”ཨ་མའི་ཤུགས་རྐྱེན་ལས་དཀོན་མཆོག་ཆོས་སྒྲོན་ལ་ལྷག་བསམ་རྣམ་དག་གི་དད་སེམས་ཤིག་སྐྱེས།

2015ལོར་རྩ་འཛུགས་ཀྱིས་དཀོན་མཆོག་ཆོས་སྒྲོན་རྩ་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བྱེད་པར་བཏང་། 2017ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་འཆར་འགོད》བཟོས་ནས་བཀྲམ་སྐབས་དཀོན་མཆོག་ཆོས་སྒྲོན་གྱིས་དེ་ལས་གོ་སྐབས་འཕྲད་པ་འཕྲལ་དུ་ཤེས། རྩ་རི་ཤང་ནི་ཤིན་ཏུ་དབུལ་བའི་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་ཡིན་ཡང་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་རེད། དུས་ཡུན་རིང་པོའི་ནང་ཆུ་དང་། གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པའི་དབང་གིས་རྩ་རིའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་སྐྱེ་ཁམས་ཐོན་ཁུངས་དེ་ཐོན་ལས་འཕེལ་རྒྱས་ཀྱི་འགུལ་ཤུགས་སུ་འགྱུར་ཐབས་བྲལ།

“རྒྱལ་ལམ་དང་སྡོད་ཁང་གསར་པ་བསྐྲུན་པ་དང་གློག་ཁྲིད་པ་སོགས་བྱས་པས་རྩ་རི་ཤང་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་སོང”དཀོན་མཆོག་ཆོས་སྒྲོན་དང་ཤང་གྲོང་གི་ལས་བྱེད་པ་ཚོས་ཉིན་ལྟར་བརྟག་ཞིབ་ཡང་ཡང་དང་། ཇུས་འགོད་ཡང་ཡང་། བཟོ་བཅོས་ཡང་ཡང་བརྒྱབ་ནས་གྲ་སྒྲིག་ཨང་བསར་བྱས་ཀྱང་བསམ་ཡུལ་ལས་འདས་པར་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་རྒྱུ་ནི་ཁོང་ཚོར་འཕྲད་པའི་དཀའ་གནད་དང་པོ་དེ་རེད།

“ལམ་བཟོ་མི་ཆོག ངའི་ས་ཆའི་ཐོག་ལམ་བཟོ་བ་ལས་གཞན་གྱི་ས་ཆ་མི་སྤྱོད་དོན་གང་ཡིན”

“ལམ་བཅག་འཕྲུལ་འཁོར་སྤྱོད་མི་ཆོག ངའི་ཁང་པར་ཡོམ་རྒྱག་གི་འདུག”

“ལྕགས་རི་སྐོང་མི་ཆོག ངའི་ཁྱིམ་གྱི་མཐོང་རྒྱ་འགོག་གི་འདུག”

ཁོང་གིས་མི་སེར་གྱི་སེམས་ཁྲལ་ལ་བསམ་ཤེས་ཐུབ་ཅིང་། “སུ་ཞིག་ལ་ཡང་བསམ་འཆར་འདོན་པའི་དབང་ཆ་ཡོད། གང་ཡིན་ཞེ་ན་ཚང་མ་རང་ཉིད་ཀྱི་ཁེ་དབང་དང་འབྲེལ་བ་ཡོད”མི་སེར་གྱི་དོགས་གནད་ཤེས་རྟོགས་བྱས་རྗེས་དཀོན་མཆོག་ཆོས་སྒྲོན་གྱིས་དུད་ཚང་རེ་རེ་བཞིན་ལ་རྒྱལ་ཁབ་ཀྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་དོན་གང་ཡིན་པ་དང་། ཇི་ལྟར་སྐྲུན་པ་། བསྐྲུན་རྗེས་མི་སེར་གྱི་འཚོ་བར་ཕན་པ་གང་ཡོད་མིན་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་དང་དབྱེ་ཞིབ་ཡང་བསྐྱར་བྱས་པས། མཐར་བརྩོན་འགྲུས་ཅན་ལ་བསླུ་བ་མེད་པའི་དཔེ་ལྟར་ཁོང་གི་ལས་ཀར་མི་སེར་ཚོའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ།

དཀོན་མཆོག་ཆོས་སྒྲོན་ལ་བཅར་འདྲི་ཞུས་པའི་བརྒྱུད་རིམ་ནང་རྩ་རི་ཤང་གི་སྐོར་བརྗོད་སྐབས་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་ལས་ལོ་ལྔའི་རིང་འཕྲད་པའི་དཀའ་ངལ་ཧ་ལམ་གསུངས་ཀྱི་མི་འདུག

དེ་ལས་དཀོན་མཆོག་ཆོས་སྒྲོན་ནི་ཧུར་སེམས་ཤིན་ཏུ་ཆེ་བའི“80ནང་སྐྱེས”ཀྱི་བུད་མེད་ཤང་ཀྲང་ཞིག་ཡིན་པ་དང་གནད་དོན་ཆེ་ཆུང་གང་འཕྲད་རུང་ཕྱི་བཤོལ་གཏན་ནས་རྒྱག་གི་མེད་པ་མཚོན་ཐུབ།