《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

ཡན་ཅིན་ཧའེ་ཡིས་ལྷུན་གྲུབ་རྫོང་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་9ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ལྷག་དོན་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། ཚེས་9ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་ལྷུན་གྲུབ་རྫོང་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ལྷན་དུ་ཕེབས་པ་རེད།

ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱི་110བཀོད་འདོམས་ལྟེ་གནས་སུ་ཡན་ཅིན་ཧའེ་ཡིས་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་པ་དང་འབྲེལ། ལྷུན་གྲུབ་རྫོང་གི་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་དང་རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།

ཁོང་གིས་མིག་སྔར་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། ལྷུན་གྲུབ་རྫོང་ཚུད་པའི་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། གྲ་སྒྲིག་ཨང་བསར་བྱེད་པ་དང་ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པ་དང་། ཉེན་བརྡ་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ཤེས་དང་སྔོན་དཔྱད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱས་ནས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། གཙོ་གནད་འབུར་དུ་ཐོན་པ་དང་རྡུང་འགོག་མཉམ་འཛིན་བྱས་ཏེ་གཙོ་གནད་ས་ཁུལ་དང་འགག་གནད་ཆེ་སར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལོག་སྤྱོད་ཕྱོགས་གཏོགས་དང་ཁ་ཕྲལ་པ་ཉུང་ཤས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་སྙིང་རྗེ་གཏན་ནས་མི་བྱེད་པར་ཁ་ཕྲལ་ཕྱོགས་གཏོགས་འབྱུང་རྩ་ནས་མེད་པར་བཟོ་དགོས། སྤྱི་ཚོགས་ངོས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་སྔར་ནས་བཟུང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་གཏོང་བ་དང་། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱར་གཞིགས་པ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

མཚོ་སྟོད་ཤང་རྒྱལ་སྟོད་དགོན་དུ་ཡན་ཅིན་ཧའེ་ཡིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ཁོང་ཚོའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ་ཆོས་ལུགས་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆོས་སྲོལ་བཟང་པོ་བསྐྱངས་ནས་གཏམ་སྤྱོད་གཅིག་མཐུན་བྱེད་པ། བློ་གཅིག་སེམས་གཅིག་གིས་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་དད་ལྡན་མང་ཚོགས་ལ་རང་རྟོགས་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(ལྷ་དབང་དང་ཚེ་ཁོས་སྒྱུར་ཞུས་བྱས)