《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ།

ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། པད་མ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན་ཞུགས་པ། ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་བ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་པད་མ་འཕྲིན་ལས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུར་བུ་དོན་གྲུབ་གྲོས་ཞིབ་ནང་ཞུགས་པ་རེད།

ཝུའུ་དབྱིང་ཅེས་གསུངས་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་འཐུས་མི་ཚོགས་པ་དང་སྲིད་གྲོས་ཀྱི་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་། དགུ་པ། དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས།

གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་ལ་གཞི་ཚུགས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱེད་པ་དང་། ལས་དོན་མཐའ་དག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་པ་དང་ཤུགས་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་དགོས་གཏུགས་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་ཐག་གཅོད་བྱས་ནས་མང་ཚོགས་ལ་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་དང་། དེ་བས་ཐད་ཀར། དེ་བས་ཏན་ཏིག་བཅས་ཡོང་བ་བྱེད་དགོས།

གཉིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། “གཅིག་དང་མང་པོ”དང་། “ཐུན་མོང་དང་ཁྱད་པར”“འགྱུར་མེད་དང་འགྱུར་ལྡོག”བཅས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ། “ལོ་རྒྱུས་བཞི”དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་བརྩེ་དུང་གི་སྦྲེལ་ཐག་དང་བསམ་པའི་ཁྱིམ་གཞིས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་གཏིང་ཟབ་ཟུག་པར་བྱེད་དགོས།

གསུམ་ནས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། བདེ་ཐང་བོད་ལྗོངས་འགན་སྲུང་གི་འདུ་འགོད་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤེལ་གྱི་འདུ་འགོད། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་བཅས་ལག་བསྟར་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། བོད་ཀྱི་དོན་དངོས་དང་མཐུན་པའི་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་ཞན་ཆ་གང་མགྱོགས་སེལ་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་སྐོང་བ་དང་སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་དགོས།

བཞི་ནས་སློབ་གསོའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་མཐའ་འཁྱོངས་བྱས་ཏེ་སློབ་གྲྭའི་དགེ་སློབ་ཁྲོད“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོ་མུ་མཐུད་སྤེལ་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་ཀྲུང་ཧྭ་ལ་གཅེས་པའི་བསམ་བློ་གཞོན་ནུ་ལོ་ཆུང་ཚང་མའི་སེམས་གཏིང་དུ་ཟུག་པར་བྱེད་དགོས། སློབ་གྲྭའི་བཀོད་པ་ལུགས་མཐུན་ངང་ལེགས་སྒྲིག་དང་ཞིང་འབྲོག་ཁུལ་གྱི་སློབ་གཉེར་གྱི་ཞན་ཆ་མགྱོགས་མྱུར་བསལ་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། སློབ་གྲྭ་བཅས་དབར་གྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་གཏོང་དགོས། བོད་ཀྱི་ལག་རྩལ་སློབ་གླིང་ཡག་པོ་གཉེར་ནས་དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་བའི་བྱང་ཚད་མཐོ་བའི་ལག་རྩལ་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པར་བྱེད་པའི་ལོ་གཉིས་འགག་སྒྲོལ་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་རྒྱུན་མཐུད་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་དམངས་ཡོངས་ཀྱི་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

ལྔ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་ཧུར་ཐག་འཇོག་པ། དུད་ཚང་དང་གྲོང་ཚོ་ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པ། ལྷ་ས་སྔོ་ལྗང་གིས་བསྐོར་བ་དང་ཆུ་ལག་སྒྱུར་བཀོད་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་མཐའ་འཁོར་གྱི་སྔོ་འགྱུར་ནགས་བཟོ་དང་། བྱེ་ས་བཅོས་སྒྲིག གྲོང་གསེབ་ཀྱི“འགྲམ་བཞིར”ཤིང་འཛུགས་ནགས་བཟོ་བཅས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་འགྱུར་བ་བྱེད་དགོས།

དྲུག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། ལྗོངས་ཏང་ཨུད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དང་བཅོས་སྒྲིག “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གཞི་རྟེན་གསར་གཏོད་དང་། བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། གཏན་འཁེལ་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་པ། རང་འདེམས་བྱ་སྤྱོད་ཡག་པོ་སྤེལ་བ་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

བདུན་ནས་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཁག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། མཐའ་སྟོབས་མཐའ་བརྟན། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

(པ་སངས་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)