《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

སྨན་དོན་མི་སྣ་ཕུར་བུ་རྡོ་རྗེས་གསུངས་དོན།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་།

“2020ལོའི་ཟླ་2ཚེས་12ཉིན་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ་སྨན་ཁང་ནས་དོན་རྗེས་རང་ལྗོངས་སུ་ཏོག་གསར་གློ་ཚད་ཀྱི་ནད་དཔེ་སླར་ཡང་ཐོན་མེད་མོད། འོན་ཀྱང་སྨན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་གཏན་ནས་བཏང་མེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཁ་གཏད་དེ་བས་ལེགས་པར་གཅོག་ཆེད། སྨན་ཁང་གིས་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་བཟོས་ཏེ་སྨན་ཁང་གི་ལས་བཟོ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་སྦྲགས་བརྟག་དཔྱད་བྱས་འབྲས་ཐོ་འགོད་ཀྱང་བྱས་ཡོད། དེ་དང་ཆབས་ཅིག་ལོགས་འཇོག་དོ་དམ་ཚོད་འཛིན་དང་ཁོར་ཡུག་གཙང་བཟོ་དང་དུག་སེལ་སོགས་ལས་དོན་རབ་དང་རིམ་པ་ཚད་ལྡན་ངང་སྤེལ་བ་མ་ཟད། སྨན་ཁང་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དུས་ཐོག་ཏུ་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ལ་ནད་བཅོས་སྲོག་སྐྱོབ་སོགས་ཀྱི་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་ནང་ཞུགས་མཁན་མི་2000ལྷག་ཙམ་ཟིན་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་ཁོའོ་ཡི་འགན་ཁུར་བ་ཕུར་བུ་རྡོ་རྗེས་གསར་འགོད་པར་གསུངས།

ཕུར་བུ་རྡོ་རྗེས“ལོ་གཅིག་རིང་ང་ཚོས་ད་དུང་PCRཚོད་ལྟ་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཏོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་ཏེ་2021ལོའི་ཟླ་1ཚེས་20ཉིན་བར་ཁྱོན་མི་ཐེངས་ཁྲི་2.4ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་ཉིན་རེར་མི་ཐེངས་600ནས་700བར་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་གནང་།

ཕུར་བུ་རྡོ་རྗེས“རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དུས་བཀག་ལྟར་འཚོགས་པ་དེས་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་གསལ་བཤད་ནུས་ལྡན་བྱེད་ཐུབ། ང་ཚོས་མུ་མཐུད་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཏེ་ལས་ཀའི་བརྒྱུད་རིམ་ཁག་ཟམ་མི་ཆད་པར་ལེགས་སུ་དང་ཚད་ལྡན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་འགན་ལེན་ཡག་པོ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།