《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

དབུལ་སྐྱོར་ལས་བྱེད་པ་ཝེ་ཁྲང་ཧུའེ་ཡིས་གསུངས་དོན།

ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་དགོས།

“ད་ཆ་གང་དུ་བསྐྱོད་ཀྱང་དབུལ་སྒྲོལ་འགག་སྒྲོལ་ལས་མི་སེར་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་གཏིང་ཟབ་ཚོར་གྱི་འདུག དུད་ཚང་ཚང་མའི་སྡོད་ཁང་དང་འཚོ་བར་འགྱུར་ལྡོག་གསར་པ་བྱུང་སྟེ། དངོས་པོའི་འགན་ལེན་ཡག་པོ་བྱུང་བ་ཕུད་ད་དུང་སྤྱི་ཚོགས་ལས་རིགས་ཁག་གིས་སློབ་གསོར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་ལ། སློབ་མ་ཚོས་ཀྱང་རང་གཅུན་འབད་འབུངས་དེ་བས་ཆེ་བ་བྱེད་ཀྱི་ཡོད”ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝེ་ཁྲང་ཧུའེ་ལ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཡོད། “དབུལ་སྒྲོལ་ཞྭ་ཕུད་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་ཚུགས་པ་ཞིག་རེད། ད་ཆ་ང་ཚོའི་ལས་དོན་དེ་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད། གོམ་སྟབས་རྗེས་མར་ང་ཚོས་སེམས་ནུས་ཡོད་རྒུ་བཏོན་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་དེ་བས་བརྟན་པོ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་པར་བྱེད་དགོས”ཞེས་ཝེ་ཁྲང་ཧུའེ་ཡིས་དེ་ལྟར་བརྗོད།

“གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་རེད། དེར་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་ཞིང་འབྲོག་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁོང་ཚོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་དུ་འཇུག་དགོས། དེ་དང་ཆབས་ཅིག་སློབ་གསོའི་རོགས་སྐྱོར་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དབུལ་པོ་བུ་རབས་ཚ་བརྒྱུད་གཏན་འགོག་བྱེད་དགོས། གཞན་ཡང་ད་དུང་ལས་ཞུགས་གཞན་སྒྱུར་དང་གསོ་སྦྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་རང་ངོས་སྒུལ་ཤུགས་འཕེལ་བར་བྱེད་དགོས”ཞེས་ཝེ་ཁྲང་ཧུའེ་ཡིས་བརྗོད་པ་དང་ཁོང་གིས་མང་ཚོགས་ཚོས་སེམས་ཤུགས་ཆེར་སྐྱེད་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ན་བདེ་སྐྱིད་ལྡན་པའི་ལམ་ཆེན་ཐོག་བསྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་གནང་གི་ཡོད།

(བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)