《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

རིག་གནས་ཀྱིས་དམངས་ཕན་དམངས་ཕྱུག་ཡོང་ཐུབ།

—— རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིག་གནས་འཛུགས་སྐྱོང་དང་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བ།

ལོ་28ལ་སླེབས་པའི་ལྷག་པ་ཚེ་རིང་གིས་དངོས་ལྗོངས་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོ》འཁྲབ་ནས་ལོ་7ཏག་ཏག་སོང་བ་དང་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ནང་ཁོང་གིས་འཁྲབ་བྱའི་མི་སྣ་7འཁྲབ་ཡོད། “འཁྲབ་རར་འཁྲབ་སྟོན་བྱེད་སྐབས། ངར་ཟླ་རེར་གླ་ཆ་སྒོར་6000ལྷག་ཙམ་ཡོད་པའི་ཕྱེད་ཀ་འཚོ་བའི་འགྲོ་གྲོན་ལ་ཉར་བ་དང་ཕྱེད་ཀ་ཁྱིམ་ལ་བསྐུར་གྱི་ཡོད”ཅེས་གསར་འགོད་པར་བརྗོད།

ལོ་མང་རིང་གི་འཁྲབ་སྟོན་ཉམས་མྱོང་ལས་ལྷག་པ་ཚེ་རིང་གིས་བྲོ་དང་ལྷ་མོ་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་གླུ་གར་ནང་བྱན་ཆུད་ཡོད། “ང་ཆུང་དུས་ནས་ཞབས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད། ཟློས་གར་ཚོགས་ཆུང་དེ་ནས་བོད་ཀྱི་རིག་གནས་མང་པོ་ཤེས་ཏེ་ཡུལ་སྐོར་བ་མང་པོར་ང་ཚོ་བོད་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ངོམ་སྟོན་ཐུབ་ལ་ད་དུང་རང་ཉིད་ཀྱི་ཡོང་འབབ་ཀྱང་མང་དུ་སོང་བས་དངོས་གནས་ཡག་པོ་འདུག”ཅེས་ལྷག་པ་ཚེ་རིང་གིས་བཤད།

དངོས་ལྗོངས་ཟློས་གར་ཆེ་གྲས《ཝུན་ཤིང་ཀོང་ཇོས》ལས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཀྱི་ཡོད་པས་རང་ལྗོངས་ཀྱི་རིག་གནས་དམངས་ཕན་དང་དམངས་ཕྱུག་གི་དངོས་མཚོན་ཞིག་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་བ། སྤྱི་པའི་རིག་གནས་ཀྱིས་གཞི་རིམ་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ། སྤུས་ལེགས་རིག་གནས་ཐོན་ཁུངས་གཞི་རིམ་ལ་སྣུར་སྲིང་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བཅས་བྱས་པས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད་ལ་རང་ལྗོངས་ཀྱི་རིག་གནས་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཕུན་སུམ་ཚོགས་པའི་རིག་གནས་འཚོ་བའི་སྐྱིད་སྣང་དང་ཐོབ་སྣང་ལོངས་སུ་སྤྱོད་བཞིན་ཡོད།

ཡོང་འབབ་མཐོ་རུ་ཕྱིན་པ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་འབྲེལ་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་ཁྱད་ཆོས་མངོན་བཞིན་ཡོད། ཇི་ལྟར་བྱས་ནས་སྤྱི་པའི་རིག་གནས་ཐོན་ཁུངས་ཀྱི་སྤྱི་ཚོགས་ཕན་འབྲས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་འདོན་སྤེལ་བྱེད་པའི་གནད་དོན་དེར་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚད་མཐོའི་དོ་ཁུར་གནང་གི་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་སྒོར་སྒོར་གྱིས། མི་དམངས་མང་ཚོགས་ཀྱི་རིག་གནས་དང་འཚོ་བའི་དགོས་མཁོ་སྐོང་བར་གཙོ་བོ་སྲིད་གཞུང་སྡེ་ཚན་གྱིས་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ངོས་འཛིན་གནང་གི་ཡོད།

རིག་གནས་དམངས་ཕན་གྱི་སྐོར་བརྗོད་སྐབས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཁས་དབང་སྤེན་པ་ལྷ་མོས། རིག་གནས་དམངས་ཕན་ནི་རིག་གནས་ཀྱི་མོས་སེམས་དང་རིག་གནས་ཀྱི་གདེང་ཚོད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། རིག་གནས་ཀྱི་མོས་སེམས་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན། དེར་བརྟེན་རིག་གནས་དམངས་ཕན་གྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཡང་ཕན་པ་ཡོད་པའི་ངོས་འཛིན་གནང་གི་ཡོད།

འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་ཡིན་པ་དང་། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་དེ་གཙོ་རྐང་དུ་བྱས་ནས་གཞི་རིམ་གྱི་རིག་གནས་གཡུལ་ས་གཙོ་གནད་ཐོག་བརྟན་དུ་བཏང་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་རིག་ནུས་ཀྱི་འདེགས་སྐྱོར་དང་། བསམ་པའི་འགུལ་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས།