《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

རང་ལྗོངས་ཀྱིས་ཕྱོགས་བདུན་གྱི་ཐད་ནས་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་སྟེ།

རྒན་རྒོན་ཚོ་རིག་ནུས་སྤྱི་ཚོགས་ནང་སྔར་བས་མཉམ་འདྲེས་ཡག་པོ་ཐུབ་པར་བྱས་པ།

《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི་རྒན་རྒོན་ཚོས་རིག་ནུས་འཕྲུལ་ཆས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི་ལག་བསྟར་ཇུས་གཞིའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རང་ལྗོངས་ཀྱི་རྒན་རྒོན་ཚོས་རིག་ནུས་འཕྲུལ་ཆས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། རྒན་རྒོན་ཚོའི་གཞི་རྩའི་འཚོ་བའི་དགོས་མཁོ་ཡག་པོ་སྐོང་བ་དང་ཁོང་ཚོར་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལོངས་སྤྱོད་ཡག་པོ་བྱེད་དུ་འཇུག་ཆེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་2021ལོའི་ཟླ་1ཚེས་4ཉིན《བོད་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་ཚོའི་སྲོལ་རྒྱུན་ཞབས་ཞུའི་ཐ་སྐྱོང་འགན་སྲུང་ཇུས་གཞི》བཀྲམ་ནས་ལག་བསྟར་བྱས་པ་དང་། ཟླ་2ཚེས་6ཉིན《རྒན་རྒོན་ཚོས་རིག་ནུས་འཕྲུལ་ཆས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི(2020—2022ལོ་བར)》བཀྲམ་ནས་ལག་བསྟར་བྱས་ཤིང་། ཇུས་གཞི་ལག་བསྟར་བྱེད་པའི་སྐོར་གྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡིའུ་ཧྭ་ལ་བཅར་འདྲི་ཞུས་པ་རེད།

ཝང་ཡིའུ་ཧྭ་ཡིས“རང་ལྗོངས་ཀྱི་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། རིག་ནུས་ཅན་གྱི་ཞབས་ཞུ་ལས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡིན་ན་ཡང་། རྒན་རྒོན་མི་ཉུང་བ་ཞིག་གིས་ད་དུང་དྲ་རྒྱ་དང་རིག་ནུས་ལག་ཁྱེར་ཁ་པར་བེད་སྤྱོད་གཏོང་ཤེས་ཀྱི་མེད་པས། ཕྱིར་སྐྱོད་དང་། སྨན་བཅོས། འཛད་སྤྱོད་སོགས་དུས་རྒྱུན་གྱི་འཚོ་བར་དཀའ་ངལ་འཕྲད་ཀྱི་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་སྲུང་ཇུས་གཞི་དང་ལག་བསྟར་ཇུས་གཞི་བསྟུད་མར་བཏོན་ཅིང་། སྤྱིའི་རྩ་དོན་ནི་སྲོལ་རྒྱུན་གྱི་ཞབས་ཞུ་དང་རིག་ནུས་གསར་གཏོད་ཟུང་འབྲེལ་དང་། ཡོངས་ཁྱབ་བེད་སྤྱོད་དང་རིགས་དབྱེ་སྐུལ་འདེད་ཟུང་འབྲེལ། དྲ་ཐོག་ཞབས་ཞུ་དང་དྲ་ཕྱིའི་ཐབས་ལམ་ཟུང་འབྲེལ། གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱ་རྒྱུ་དང་ཕུགས་ཕན་ལམ་སྲོལ་ཆགས་པར་བྱ་རྒྱུ་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་། ལས་དོན་གྱི་དམིགས་ཚད་ནི་སྲིད་ཇུས་ཀྱི་ཁྲིད་སྟོན་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འབད་འཐབ་ལ་བརྟེན་ནས། རྒན་རྒོན་ཚོས་རིག་ནུས་འཕྲུལ་ཆས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། རྒྱ་ཆེའི་རྒན་རྒོན་ཚོ་རིག་ནུས་སྤྱི་ཚོགས་ལ་སྔར་བས་གོམས་པར་བྱས་ནས་མཉམ་འདྲེས་ཐུབ་པར་བྱ་རྒྱུ་དེ་ཡིན། 2021ལོའི་ལོ་མཇུག་གོང་། རྒན་རྒོན་ཚོ་ཕྱིར་སྐྱོད་དང་། སྨན་བཅོས། འཛད་སྤྱོད། རིག་གནས་རོལ་རྩེད། ལས་དོན་སྒྲུབ་པ་སོགས་རྒྱུན་ཐོན་བྱ་བ་དང་ཞབས་ཞུའི་གནས་ཚུལ་ལ་དམིགས་ནས། རྒན་རྒོན་ཚོས་རིག་ནུས་ཅན་གྱི་ཞབས་ཞུ་རྒྱ་ཁྱབ་ཏུ་ལོངས་སྤྱོད་ཐུབ་རྒྱུ་དང་སྲོལ་རྒྱུན་གྱི་ཞབས་འདེགས་ཞུ་སྟངས་སྔར་བས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 2022ལོའི་ལོ་མཇུག་གོང་། རྒན་རྒོན་ཚོས་རིག་ནུས་ཅན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་དང་། སྟབས་བདེའི་རང་བཞིན་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ། དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུ་སྔར་བས་ནུས་ཆེ་མཐུན་སྦྱོར་ཡོང་རྒྱུ། རྒན་རྒོན་ཚོར་འཕྲད་པའི་གྲངས་གཞིའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་རྒྱུ་རེད”ཅེས་བརྗོད་པ་རེད།