《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

དམངས་འཚོའི་འདུ་འགོད་ལེགས་སེ་ལེགས། དམངས་ཀྱི་འཚོ་བ་སྐྱིད་སེ་སྐྱིད།

—— རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་རྗེས་བློ་སྐྱེད་ཆེན་པོ་བྱུང་བའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཧའེ་ཞང་གིས“གྲོང་གསེབ་དར་རྒྱས་ཡོང་བར་འགག་རྩ་མི་ལ་ཐུག་པ་དང་། ཤེས་ལྡན་པ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། བྱ་བ་མི་ཡིས་སྒྲུབ་དགོས་པ་དང་བྱ་གཞག་མི་ཡིས་དར་སྤེལ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཤེས་ལྡན་པའི་འཇུར་མིག་གི་ཚོད་འཛིན་མེད་པ་བཟོ་དགོས། དེར་བརྟེན་ང་ཚོས་བསམ་བློར་དྲིལ་བསྒྲགས་ཁྲིད་སྟོན་དང་མི་སྤྱོད་ཀྱི་སྲིད་ཇུས་ཀྱི་ལྕག་སྐུལ་ལས་དོན་ཡག་པོ་སྒྲུབ་དགོས་ལ། སྔོན་ཚུད་ནས་ཤེས་ལྡན་པའི་དགོས་མཁོ་ཤེས་རྟོགས་དང་ཤེས་ལྡན་པ་ནང་འདྲེན་སྙོམས་སྒྲིག་བྱེད་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཏུ་ཤེས་ལྡན་པ་གནས་ཐུབ་རྒྱུར་ལྕག་སྐུལ་གཏོང་བའི་སྲིད་ཇུས་འཐུས་ཚང་ཡོང་བ། འབྲེལ་ཡོད་ཀྱི་ཞབས་ཞུའི་འགན་སྲུང་དོན་འཁྱོལ་བྱེད་པ། མཐུན་རྐྱེན་བསྐྲུན་ནས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་དགོས་མཁོ་སྐོང་བ་བཅས་དེ་བས་བྱས་ཏེ་ཤེས་ལྡན་པ་སྔར་ལས་མང་བ་གྲོང་གསེབ་ལ་སྡོད་འདོད་ཡོད་པ་བྱེད་དགོས”ཞེས་བཤད།

མངའ་རིས་ས་ཁུལ་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་གི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་། གཙོ་ཚོ་ཤང་ནས་ཡིན་པའི་རྒྱལ་པོས་སྡོང་ཕྲུག་ལ་ཆུ་བརྒྱབ་ནས་སྡོང་ཕྲུག་སྦྱར་ཀ་རྒྱག་དུས་ཤིན་ཏུ་བདེ་ལྕག་འཁྱུག་པོ་ཡོད་པ་རེད། ཡིན་ནའང་ཟླ་བ་འགའི་སྔོན་ཁོང་ཕྱུགས་འཚོ་ཤེས་པ་མ་གཏོགས་གཞན་གང་ཡང་མི་ཤེས་མཁན་ཞིག་རེད། “དེ་དུས་ཤང་གཅིག་པའི་ཡུལ་མི་ཚོས་ཐོན་ལས་གླིང་ནས་ཡོང་འབབ་གསོག་པ་མ་ཟད། ལག་རྩལ་ཡང་ཤེས་པ་ཐོས་ནས། ང་འདིར་སླེབས་རྗེས་བློ་ཧ་ཅང་མགུ་པོ་བྱུང་། ཟླ་བ་རེར་གླ་ཆ་སྒོར་6000ཡོད་པས་འཚོ་བ་ཉིན་བཞིན་སྐྱིད་དུ་ཕྱིན་སོང”ཞེས་བཤད།

ཉིན་ཤས་གོང་། རྒྱལ་པོ་དང་ལས་རོགས་ཚོས་འཚོག་བཞིན་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐོར་ལ་རྟག་ཏུ་གྲོས་བསྡུར་བྱེད་ཀྱི་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱ་རྒྱུར་བབ་བསྟུན་ལྟ་སྐུལ་ཚད་ལེན་དང་དབུལ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དབུལ་སྒྲོལ་མི་འབོར་ལ་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་དང་། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་དང་དབུལ་སྒྲོལ་ས་ཁུལ་གྱི་ཐོན་ལས་སྟོབས་ཆེར་བཏང་ནས་ཡུལ་གཞན་དུ་གནས་སྤོས་རྗེས་ཀྱི་རྗེས་མཐུད་འདེགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་པའི་ཁར་རིམ་པ་དང་རིགས་དབྱེ་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་རྒྱུན་རྣམ་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས། གཞི་ཁྱོན་ཅན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཏོན་པར་བརྟེན། དེའི་ཐད་རྒྱལ་པོ་དང་ལས་རོགས་ཚོར་མྱོང་ཚོར་ཟབ་མོ་བྱུང་ནས་ལས་ཀའི་གོ་སྐབས་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་ལ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཀྱི་གསོ་སྦྱོང་འཛིན་གྲྭ་མང་ཙམ་གཉེར་བ་དང་ལག་རྩལ་པ་གྲོང་གསེབ་ལ་མཛུབ་ཁྲིད་བྱེད་པར་མང་ཙམ་བཏང་ནས་ཞིང་འབྲོག་མང་ཚོགས་སྔར་ལས་མང་བར་ལག་རྩལ་སྣེ་གཅིག་ཤེས་སུ་བཅུག་སྟེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་བ་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བག་གྲོས“སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐབས་བརྒྱ་ཇུས་སྟོང་ངང་ཞིང་པ་དུང་ཕྱུར་མང་པོར་འབབ་འཕར་དང་བདེ་སྐྱིད་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད། ང་ཚོས་སྙན་སྒྲོན་མཛུབ་ཁྲིད་དུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གསར་པའི་ཐོག་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

དབུལ་ཞྭ་འབུད་པར་མཇུག་འགྲིལ་དུས་མེད་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་འགོ་ཚུགས་པ་ཞིག་ཡིན་པས། ཚང་མས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ཀྱི་ལོར་གྲུབ་འབྲས་གསར་པ་ཐོབ་པའི་ཐོག་ནས་གོམ་སྟབས་གསར་པ་སྤོ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། དམ་ཆོས་མི་ཕམ་དང་པ་ཚེས་ཞུས)