《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་། འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཞིབ་བཤེར་གནང་བ།

ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་བཅས་ཞུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་མུ་མཐུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་བ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་པ་རེད།

ཚང་མས་འདི་ལོའི་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་བཅས་བྱས་ཡོད། སྙན་སྒྲོན་གཉིས་ཀྱི་ནང་ན་ནིང་གི་ལས་དོན་ཆ་ལག་ཚང་ཞིང་ཕྱོགས་ཡོངས་དང་། ནང་དོན་ཕུན་སུམ་ཚོགས་པ། གྲངས་གཞི་ཁུངས་བཙན་བཅས་ཀྱི་སྒོ་ནས་ཕྱིར་དྲན་དང་། འདི་ལོའི་ལས་དོན་གཙོ་གནད་མངོན་གསལ་དོད་པ་དང་། ཚན་རིག་དང་ལུགས་དང་མཐུན་པ། དངོས་སྒྲུབ་དང་གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་བཀོད་སྒྲིག་བྱས་པ་དེ་དག་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་བླང་བྱ་དང་གཞི་ཆེའི་སྲིད་ཇུས་ཀྱི་འགྲོ་ཕྱོགས་དང་མཐུན་པ་དང་། དམིགས་སའི་རང་བཞིན་དང་རིན་ཐང་ཆེ་བ། ཆབ་སྲིད་ལ་སྣང་ཆེན་གྱིས་མིག་ལྟོས་ལ་དོ་སྣང་དང་། སྒྱུར་བཅོས་ལ་སྣང་ཆེན་གྱིས་གསར་གཏོད་བྱེད་ཕོད་པ། དམིགས་ཡུལ་ལ་སྣང་ཆེན་གྱིས་ཀུན་ལ་འཚམ་པར་བྱེད་པ། ལས་འགན་སྒྲུབ་སེམས་ལ་སྣང་ཆེན་གྱིས་འབད་འབུངས་བྱེད་ཐུབ་པ་བཅས་ཀྱི་སྙན་སྒྲོན་བཟང་པོ་གཉིས་ཡིན་སྟབས། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་ཡིན་པས་རྦད་དེ་མོས་མཐུན་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་ཡོད།

འཐུས་མི་ཚོས་འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་འགོ་འཛུགས་ལོ་བཅས་ཡིན་པས། སྙན་སྒྲོན་དེ་གཉིས་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་འཐུས་མི་ཚོས་གྲོང་གསེབ་དར་རྒྱས་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ལེགས་གཏོང་སོགས་ཀྱི་ནང་དོན་ལ་དམིགས་ནས་འགན་ནུས་གཙང་སྒྲུབ་དང་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་ཡོད། (བསྟན་བློས་བསྒྱུར། པ་སངས་སྒྲོན་ལགས་དང་བསྟན་བློས་ཞུས)