《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月05日

དབུལ་སྒྲོལ་དུད་ཚང་ཕུར་རྒྱལ་གྱིས་བརྗོད་དོན།

སྡོད་ཁང་གསར་པར་སྤོས། འཚོ་བ་གསར་པ་གཏོད།

ལོ་39ལ་སླེབས་པའི་ཕུར་རྒྱལ་ནི་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་ཨེ་མ་གྲོང་ཚོ་ནས་རེད། བཟའ་ཚང་ཁ་འབྲལ་བྱས་པའི་སྐྱེས་མ་ཡིན་ཁར་ཁྱིམ་དུ་ད་དུང་ཕྲུ་གུ་གསུམ་གསོ་དགོས་པས་2018ལོའི་ཟླ་7པའི་གོང་ཕུར་རྒྱལ་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་ཡོད།

“སྐབས་དེ་དུས་ཁྱིམ་གྱི་ཡོང་འབབ་ཚང་མ་ངས་ཕྱིར་ལས་ཀ་ཙག་ཙིག་བྱས་ནས་བྱུང་བ་ཞིག་རེད། ཕྲུ་གུ་གསུམ་པོར་ལྟ་རྟོག་བྱེད་ཁོམ་མེད་སྟབས་སྐབས་འགར་སྤུན་མཆེད་དམ་ཡང་ན་ཁྱིམ་མཚེས་ཀྱི་སར་བཅོལ་དགོས་ཀྱི་ཡོད། དུས་དེར་སྡོད་སའི་ཁང་པ་ལོ་མང་ཉམས་བཟོ་མ་བྱུང་བའི་སྡོད་ཁང་གོག་ཧྲུལ་ཞིག་ཡིན་པས་རྒྱུན་དུ་ཆུ་འཛག་གི་ཡོད། ཕྱིར་སྐྱོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཡང་ཞན་པས་སྣུམ་ནག་ལམ་བར་བསྐྱོད་པར་ཆུ་ཚོད་གསུམ་ཙམ་འགོར་གྱི་ཡོད། དགུན་དུས་བྱེ་རླུང་ལྡང་བ་དང་འཐུང་ཆུ་ལེན་པར་སྟབས་བདེ་པོ་མེད་པས་འཚོ་བའི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད”ཅེས་ཕུར་རྒྱལ་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད།

2018ལོའི་ཟླ་7པར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཕུར་རྒྱལ་ནང་མི་བཞི་ལུང་ཁུག་ཏུ་གནས་པའི་ཨེ་མ་གྲོང་ཚོ་ནས་ས་གནས་དེ་གའི་སྲིད་གཞུང་གིས་གཅིག་གྱུར་ཐོག་བསྐྲུན་པའི་རིན་སྤུངས་རྫོང་རྫོང་གྲོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྤོས། གནས་སྤོས་བྱས་རྗེས་རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྲིད་གཞུང་གི་ཁྲིད་སྟོན་དང་མང་ཚོགས་ཀྱི་འདོད་མོས་གཞིར་བཟུང་། འབྲེལ་ཡོད་ལས་རིགས་དང་ཁེ་ལས་བྱ་གཞག་ཚན་པ་དང་མཐུན་སྦྱོར་སྦྲེལ་མཐུད་ཧུར་ཐག་བྱས་ནས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་ཁྲོད་དུ་དགོས་མཁོ་མཐིལ་རྟོགས་དང་། གསོ་སྦྱོང་། ངལ་ནུས་ཕྱིར་གཏོང་བཅས་ཀྱི་ལས་དོན་སྤེལ་ཏེ། མང་ཚོགས་རྣམས་ལ་ལས་ཞུགས་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ཡོད། 2018ལོའི་ལོ་མཇུག་ཏུ་ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག ཕུར་རྒྱལ་གྱིས་རྫོང་གྲོང་དུ་གྱོན་ཆས་ཚོང་ཁང་ཞིག་བཙུགས་པས། ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པའི་འདུན་པ་མངོན་འགྱུར་བྱུང་ཡོད། ན་ནིང་ལོ་གཅིག་རིང་ཕུར་རྒྱལ་གྱི་གྱོན་ཆས་ཚོང་ཁང་ལ་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་ཡོད།

“ང་ཚོ་ཁང་པ་ཡག་པོ་དེ་འདྲའི་ནང་སྡོད་རྒྱུ་བྱུང་བས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་ཕྲུ་གུ་རྣམས་སྐར་མ་བཅུ་ཙམ་བསྐྱོད་ན་སློབ་གྲྭར་འབྱོར་བ་དང་། ང་ཚོ་ཉིན་ལྟར་ལས་ཀར་འགྲོ་སྐབས་ཧ་ཅང་སྟབས་བདེ་པོ་འདུག་ལ། དུས་ཚོད་ངེས་ཅན་ཞིག་ཕྲུ་གུ་དང་མཉམ་དུ་སྡོད་རྒྱུ་བྱུང་བས་འཚོ་བ་དེ་ལྟ་བུ་སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད། གོམ་སྟབས་རྗེས་མར་ངས་གྱོན་ཆས་ཚོང་ཁང་ཡག་པོ་གཉེར་ཏེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཕུགས་འདུན་འགྲུབ་རྩིས་ཡོད། དེ་དང་ཆབས་ཅིག་དུས་ཚོད་དེ་བས་མང་བ་སྤྱད་དེ་ཕྲུ་གུ་ཚོར་སློབ་གསོ་བརྒྱབ་ནས་ཁོང་ཚོ་རི་ཁུག་ནས་དངོས་འབྲེལ་ཐོན་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཕུར་རྒྱལ་གྱིས་གསར་འགོད་པར་བརྗོད།