《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月28日

“གཞོན་ནུ་དེ་བས་མང་བས་ཕྱུག་འགྱུར་གྱི་རྩལ་ནུས་ཁོང་དུ་ཆུད་པར་བྱེད་དགོས”

“འགྲན་ཞུགས་གོང་གི་ཉིན་དང་པོའི་མཚན་མོར་ང་རང་དངངས་སྐྲག་ཆེན་པོ་སྐྱེས་ནས་གཉིད་ཁུག་ཐབས་བྲལ་བ་མ་ཟད། གང་བསམ་འདི་བསམ་མེད་པར་གྱུར་བྱུང”ཞེས་བོད་ལྗོངས་ལག་རྩལ་དགེ་འོས་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་སངས་རྒྱས་རྡོ་རྗེས་དེ་ལྟར་བརྗོད། སེམས་ནང་དངངས་སྐྲག་དེ་ལྟར་སྐྱེས་རུང་། ཁོང་གིས་བྱང་ཆུབ་པའི་གཞི་རྩའི་ནུས་རྩལ་ལ་བརྟེན་ནས། ཀྲུང་གོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོའི“འགྲན་ཞུཌ་རུ་ཁག་ཡག་ཤོས་ཀྱི་བྱ་དགའ”དེ་བླངས་པ་རེད།

ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནས་ཡིན་པའི་ལོ་21ལ་སླེབས་པའི་གཞོན་ནུ་སངས་རྒྱས་རྡོ་རྗེ་ཆུང་དུས་ནས་རླངས་འཁོར་ལ་དགའ་ཞེན་ཆེན་པོ་ཡོད་པ་དང་རླངས་འཁོར་གྱི་བཟོ་ལྟ་སྣ་ཚོགས་ལ་ཧ་ཅང་དགའ་པོ་ཡོད། དེས་ན་ཁོང་གིས་སློབ་ཆེན་ནང་ཆེད་ལས་འདེམས་སྐབས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རླངས་འཁོར་ལག་རྩལ་གྱི་ཆེད་ལས་དེ་གདམ་ག་བྱས་པ་རེད། “ཆེད་ལས་དེ་ཐོག་མར་སྦྱོང་སྐབས་དཀའ་ལས་ཁག་ཙམ་འདུག འོན་ཀྱང་ངས་བློས་གཏོང་བྱ་རྩིས་གཏན་ནས་བྱས་མེད། ང་རང་གིས་ལག་རྩལ་དེ་སྔར་བས་ཁོང་དུ་ཆུད་པ་དང་དེ་བས་ཚགས་ཚུད་པོ་ཤེས་པར་བྱ་ཆེད། དོགས་གནད་མི་འདྲ་བ་འཕྲད་སྐབས་དུས་ཐོག་ཏུ་དགེ་རྒན་ལ་བཀའ་འདྲི་ཞུ་གི་ཡོད”ཅེས་སངས་རྒྱས་རྡོ་རྗེས་བརྗོད།

མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད། དགེ་རྒན་གྱི་མཛུབ་ཁྲིད་འོག་དང་རང་ཉིད་ཀྱི་འབད་བརྩོན་ལྷོད་མེད་བརྒྱུད་སངས་རྒྱས་རྡོ་རྗེའི་རྩལ་ནུས་གོང་མཐོར་སོང་ནས་སློབ་གྲྭ་ཡོངས་ཀྱི་སློབ་མའི་ཁྲོད་ནས་འབུར་དུ་ཐོན་པས་སློབ་གྲྭས་ཀོང་ཀྲོའུ་རུ་ཀྲུང་གོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་ནང་ཞུགས་རྒྱུར་འདེམས་གཏོང་བྱས་པ་མ་ཟད། མཐར“འགྲན་ཞུགས་རུ་ཁག་ཡག་ཤོས་ཀྱི་བྱ་དགའ”ཡང་བླངས་པ་རེད།

འགྲན་རའི་རྣམ་པ་ཧ་ཅང་ཛ་དྲག་པོ་ཡོད་ཅིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རླངས་འཁོར་ལག་རྩལ་གྱི་འགྲན་བསྡུར་ལ་འགྲན་ཞུགས་བདམས་ཐོན་པས་ཁྱོན་འགྲན་བསྡུར་ཁག་9ལ་ཞུགས་དགོས་ཀྱི་ཡོད། “ངར་བག་ཆགས་ཟབ་ཤོས་ནི་འགྲན་བསྡུར་ཁག་Fདེ་རེད། གནས་གཏན་འཁེལ་དང་ཁ་སྒྱུར་བཅས་ཀྱི་འགྲན་བསྡུར་བྱེད་སྐབས་ངའི་མྱུར་ཚད་ཀྱིས་རྗེས་མ་ཟིན་པར་ང་རླངས་འཁོར་གྱི་གཞི་སྒྲོམ་ལ་བརྟག་དཔྱད་བྱེད་སྐབས་འགྲན་ཞུགས་པ་གཞན་དག་ཚོས་ཉམས་བཟོ་བྱེད་འགོ་ཚུགས་པས་དེ་མ་ཐག་ངའི་གནོན་ཤུགས་ཆེ་རུ་ཕྱིན་སོང”ཞེས་སངས་རྒྱས་རྡོ་རྗེས་འགྲན་ཞུགས་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་བརྗོད།

རྩལ་ནུས་གང་རུང་ཞིག་མཐོ་རུ་སོང་བ་དེ་བཀོལ་སྤྱོད་སྦྱོང་བརྡར་ཡང་ཡང་བྱེད་པ་དང་ཁ་འབྲལ་ཐབས་མེད་པས་དེའི་ཐད་སངས་རྒྱས་རྡོ་རྗེ་ཡང་དེ་ལྟར་ཡིན་པ་སྨོས་ཅི་དགོས། “དངོས་སུ་འགྲན་བསྡུར་མ་བྱས་གོང་ང་ཚོ་ཀུའེ་ཀྲོའུ་རུ་དུས་མཚམས་ཤིག་རིང་གཅིག་སྡུད་སྦྱོང་བརྡར་བྱས་པ་དང་། དེའི་རིང་ངས་སྒྲིག་ཆས་ཁག་གཅིག་སྤྱོད་སྟངས་ཚུད་པའི་ཤེས་བྱ་མང་པོ་ཤེས་བྱུང་ལ། ཁོ་ཚོས་སྤྱད་པའི་སྒྲིག་ཆས་དེ་འགྲན་རར་འགྲན་བསྡུར་བྱེད་སྐབས་མཁོ་འདོན་བྱས་པའི་སྒྲིག་ཆས་དང་ཧ་ཅང་འདྲ་པོ་འདུག་པས་འགྲན་བསྡུར་བྱེད་རིང་སྒྲིག་ཆས་དེ་དག་སྤྱོད་སྐབས་སྟབས་བདེ་པོ་འདུག དེ་ཕལ་ཆེར་འགྲན་ཞུགས་བྱེད་རིང་གི་ངའི་ལེགས་ཆ་ཞིག་ཡིན་ངེས་རེད”ཅེས་སངས་རྒྱས་རྡོ་རྗེས་དགའ་ཚོར་ཆེན་པོས་བརྗོད།

ད་ཐེངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོས་རྒྱ་ཆེའི་རྩལ་ནུས་མི་སྣར་བྱང་ཆུབ་པའི་རྩལ་ནུས་ངོམ་སྟོན་དང་ཕན་ཚུན་རྩལ་ནུས་འགྲན་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་པས། ལག་རྩལ་བཟོ་པའི་དཔུང་ཁག་སྟོབས་ཆེར་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད།

སངས་རྒྱས་རྡོ་རྗེས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན། ཁོང་གིས་གསར་འགོད་པར“ངས་རླངས་འཁོར་གྱི་ལག་རྩལ་དེ་བས་ཁོང་དུ་ཆུད་པར་བྱེད་ཀྱི་ཡིན། སློབ་གྲྭ་ཐོན་རྗེས་ཁྱབ་ཁོངས་དེའི་དགེ་རྒན་ཞིག་ཏུ་གྱུར་པར་བྱས་ནས་བོད་ཀྱི་གཞོན་ནུ་སྔར་བས་མང་བས་ཆེད་ལས་འདིར་རྒྱུས་མངའ་ལོན་པ་དང་། ཤེས་རྟོགས་ཐུབ་པ། དགའ་ཞེན་བཅས་བྱས་ཏེ། ལག་རྩལ་སློབ་སྦྱོང་ཧུར་ཐག་བྱས་པ་བརྒྱུད། ཕྱུག་འགྱུར་གྱི་རྩལ་ནུས་ཁོང་དུ་ཆུད་པ་དང་རང་ཉིད་ཀྱི་འཚོ་བ་ལེགས་སུ་གཏོང་གི་ཡིན”ཞེས་བརྗོད།