《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月28日

༄༅།། གྲོགས་པོ་གསུམ་གྱི་ངོམ་འཕྱར།

གནའ་དུས་སུ་ཕར་ལ་བལྟས་ན་ཤིན་ཏུ་བློ་ཉེ་ཡང་དོན་དངོས་ཐོག་ཕན་ཚུན་འགྲན་རྩོད་དང་རྒྱུ་ནོར་ངོམ་སོ་བྱེད་པར་ཤིན་ཏུ་དགའ་བའི་གྲོགས་པོ་གསུམ་ཡོད་ཅིང་། ནམ་རྒྱུན་ཁོ་ཚོ་གསུམ་པོ་སུ་ཞིག་ཡིན་རུང་རང་ཉིད་ཕྱུག་པོ་ཡོད་མདོག་གིས་གཞན་གཉིས་པོར་ངོམ་འཕྱར་བྱེད་པར་གོམས་ཡོད།

ཉིན་ཞིག་ཁོ་གསུམ་པོ་ལྷ་ལྡན་སྨོན་ལམ་ཆེན་མོར་འགྲོ་བའི་ལམ་བར་དུ་རི་འདབས་ན་གླ་བ་ཞིག་ཡོད་པ་མཐོང་བས། གསེར་གྱི་ཚིགས་ཁེབས་གསར་པ་གྱོན་པའི་གྲོགས་པོ་དེས་དེ་མ་ཉིད་དུ་རང་གི་ཚིགས་ཁེབས་ངོམ་འཕྱར་བྱེད་པའི་སླད་དུ་ཚིགས་ཁེབས་བཏགས་པའི་མཛུབ་མོ་དེ་ཀེར་ནས་སྐད་ཤུགས་ཆེན་པོས། རི་འདབས་ཕ་ན་གླ་བ་ཞིག་འདུག་ཅེས་གཞན་གཉིས་པོའི་མིག་མདུན་ལ་རང་གི་ཚིགས་ཁེབས་དེ་བསྟན་པས། གསེར་གྱི་རྣ་ལོང་བཏགས་པའི་གྲོགས་པོ་དེས་རང་ཉིད་ཀྱི་རྣ་ལོང་ངོམ་འཕྱར་བྱེད་པའི་ཆེད་དུ། ག་པར་འདུག ག་པར་འདུག་ཅེས་རང་གི་མགོ་བོ་དཀྲུག་དཀྲུག་ལན་མང་བཏང་སྟེ་གསེར་གྱི་རྣ་ལོང་དེ་གྲོགས་གཞན་གཉིས་པོས་མཐོང་ཐབས་བྱས་པ་ལ། ལྷམ་གསར་པ་གྱོན་པའི་གྲོགས་པོ་དེས་རང་ཉིད་ཀྱི་ལྷམ་གསར་པ་དེ་ངོམ་འཕྱར་བྱེད་པའི་ཆེད་དུ། ངས་ཕྱིན་ཆོག ངས་ཕྱིན་ཆོག་ཅེས་ལྷམ་ཡུ་ནས་འཐེན་ཙམ་འཐེན་ཙམ་བྱས་ཏེ། གྲོགས་གཞན་གཉིས་པོར་ཁོ་རང་ལའང་ལྷམ་གསར་པ་ཞིག་ཡོད་མདོག་བྱས་སོ།