《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月28日

ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད།

འདི་ལོའི་ཟླ་1ཚེས་24ཉིན་ལྷ་སའི་བོད་ལྗོངས་མི་དམངས་ཚོགས་ཁང་དུ་ཐལ་མོའི་རྡེབ་སྒྲ་བསྒྲག་པའི་ཁྲོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་འདེམས་ཤོག་ཆ་ཚང་ཐོག་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་བོད་ཀྱིས་བཏོན་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་དང་། ན་ནིང་བཏོན་ནས་ལག་བསྟར་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》རྗེས་ཀྱི་བོད་ཀྱི་ས་གནས་ཁྲིམས་འཛུགས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཁྲིམས་འཛུགས་གྲུབ་འབྲས་གལ་ཆེན་གཞན་ཞིག ཁྲིམས་སྐྱོང་འགན་ལེན་གྱི་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཚོན་བྱེད་རང་བཞིན་གྱི་ཁྲིམས་འཛུགས་གལ་ཆེན་ཞིག་བཅས་ཡིན་པས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཐད་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

འགན་འཁྲི་དང་འགན་ཁུར།

མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དམངས་འཚོའི་བདེ་རྩ་དང་ཡང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་བཏོན་པ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས”ཞེས་བཏོན་པའི་བར་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་སྐབས་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་འཁོད་པའི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་གནང་བ་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས“འཛམ་གླིང་གི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་བར”འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་སོགས་བར་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་ཕྱིན་ནས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་བློའི་མཛུབ་ཁྲིད་དང་། རྩ་བའི་གཞི་འཛིན་ས། ལག་ལེན་གྱི་སྒུལ་ཤུགས་བཅས་གལ་ཆེན་མཁོ་འདོན་གནང་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད། བོད་ཀྱིས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ལོ་རྒྱུས་ཀྱི་འགན་འཁྲི། ལས་འགན་གྱི་འགན་འཁྲི་བཅས་མཐའ་གཅིག་ཏུ་འཁུར་ཏེ་རང་འགན་ཐེག་པ་ཁུར་ལེན་ཁྲོད་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་རང་རྟོགས་མངོན་པར་བྱས་ཡོད། 2020ལོའི་ཟླ་6པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་བཟོས་པ་དང་ཆབས་ཅིག“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་ཁྲིམས་འཛུགས་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་བླང་བྱ་དང་འཚམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པའི”བླང་བྱའང་བཏོན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་རྗེས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བཀོད་སྒྲིག་བྱས་ཡོད།

བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་ཁྲིམས་འཛུགས་དེ་2020ལོའི་ཁྲིམས་འཛུགས་ལས་དོན་གལ་ཆེན་ཞིག་ཡིན་པ་ཁ་གསལ་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས“བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་བཏོན་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད”ཅེས་གསུངས་པ་ལྟར་རེད།

ཚན་རིག་དང་དམངས་གཙོ།

གཟིགས་རྒྱང་རིང་བ་དང་། ནང་དོན་འོས་ཤིང་འཚམ་པ། བརྗོད་བྱེད་གནད་ལ་སྨིན་པ། བྱེད་ཐབས་ཁ་གསལ་བ། དོན་དངོས་དང་མཐུན་པ་བཅས་ཀྱི《སྲོལ་ཡིག》ཅིག་བཟོས་པ་དེ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་མིན་དང་ལག་བསྟར་དོན་འཁྱོལ་ཐུབ་མིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད།

དེའི་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཁྲིམས་འཛུགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་པ་དང་། དེའི་གཤམ་དུ་ཁྲིམས་འཛུགས་ཀྱི་ཆེད་དོན་ཚན་ཁག་བཙུགས་ནས་2020ལོའི་ཟླ་7པར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྲིམས་འཛུགས་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཡོད།

བསམ་ཕྱོགས་གསལ་པོ་ཡོད་ཚེ་ཁ་ཕྱོགས་གསལ་པོ་ཡོང་བ་དང་བླང་བྱ་ནན་པོ་ཡོད་ཚེ་རྨང་གཞི་བརྟན་པོ་ཡོང་ཐུབ། ——《སྲོལ་ཡིག》ལ་མི་དམངས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་དང་། དཀའ་གནད། གླེང་མང་བའི་གནད་དོན་བཅས་ཁོང་དུ་ཆུད་པར་བྱས་ཏེ་ཕྱོགས་ཁག་གི་དྲི་བ་དང་དོ་ཁུར་བྱ་ཡུལ་ལ་ལན་བརྒྱབ་ནས་བཏོན་པའི་བྱེད་ཐབས་ལ་དམིགས་སའི་རང་བཞིན་ལྡན་པར་བྱེད་དགོས།

——《སྲོལ་ཡིག》ལ་ལག་ལེན་གྱི་ཞིབ་དཔྱད་ཐོབ་པ་བྱེད་དགོས། བརྟག་དཔྱད་ཡང་ཡང་དང་། རིག་པས་ཁུངས་སྐྱེལ་ཡང་ཡང་། བསམ་བློ་ནན་ཏན་གཏོང་བ་བཅས་བྱས་ཏེ། ཏང་གི་བཞེད་དོན་གཙོ་བོ་དང་བོད་ཀྱི་དོན་དངོས་དང་མཐུན་པར་བྱས་ནས་སྲོལ་ཡིག་དེ་སྤྱོད་གོ་ཆོད་པ་དང་ཡུན་རིང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།

——《སྲོལ་ཡིག》ལ་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐོབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་ཏེ། ཚད་མཐོའི་བསམ་བློའི་རང་བཞིན་དང་། སྔ་བལྟས་ཕྱི་བསམ་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ལྡན་པར་བྱས་ནས་བྱེད་ཐབས་བརྟན་པོ་ཡོང་བ་བྱས་ནས་རང་ངོས་ནས་མ་ལག་གྲུབ་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

དམངས་གཙོ་དར་སྤེལ་ཧུར་ཐག་གཏོང་བ་དང་། བསམ་འཆར་རྒྱ་ཁྱབ་ངང་ཉན་པ། སྒོ་དབྱེ་ཁྲིམས་འཛུགས་དང་། གང་བསམ་ལྷུག་གླེང་། བློ་གྲོས་གཅིག་སྡུད། ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་མཐའ་འཁྱོངས་བྱེད་པ་ནི《སྲོལ་ཡིག》གི་འཆར་ཟིན་འགོད་པའི་ལས་དོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་། ཀྲུང་དབྱང་པུའུ་ཨུད། ཚན་ཞིབ་ཁང་དང་སུའོ། མཐོ་རིམ་སློབ་གྲྭ་བཅས་ཀྱི་འགོ་ཁྲིད་དང“ཁང་གཉིས”ཀྱི་ཡོན་ཧྲེ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་པེ་ཅིང་དུ་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་རིག་པས་ཁུངས་སྐྱེལ་ཚོགས་འདུ་འཚོགས་པ་དང་། ལྗོངས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱི་རིག་པས་ཁུངས་སྐྱེལ་ཚོགས་འདུ་དང་ཁྲིམས་འཛུགས་གྲོས་མོལ་ཚོགས་འདུ་འཚོགས་པ། བརྟག་ཞིབ་སྔོན་ལ་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ། མང་ཚོགས་ཁྲོད་སྐྱོད་པ། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་ཉན་པ། མང་ཚོགས་ཀྱི་རེ་འདུན་ཁོང་དུ་ཡང་དག་ཆུད་པར་བྱས་པ་སོགས་རེད།

ཉིན་མཚན་200ལྷག་ཙམ་རིང་བརྟག་ཞིབ་དང་། འཆར་ཟིན་འགོད་པ། རིག་པས་ཁུངས་སྐྱེལ། བཟོ་བཅོས། རིག་པས་ཁུངས་སྐྱེལ་ཡང་ཡང་། བསམ་བློ་ནན་ཏན་བཏང་བ། ལྟ་ཞིབ་ནན་ཏན་བྱས་པ། ཡིག་ཕྲེང་རེ་རེ་དང་། དུམ་བུ་རེ་རེ། ཚིག་རེ་རེ་བཅས་ཀྱི་ཐོག་ནས་བཟོ་བཅོས་ཞིབ་ཚགས་བརྒྱབ་པ། བགྲོ་གླེང་ཡང་ཡང་བྱེད་པ་བཅས་བྱས་ནས《སྲོལ་ཡིག》རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

ཆུ་ཕྲན་འདུས་པ་ལས་རྒྱ་མཚོ་ཆགས། 2021ལོའི་ཟླ་1ཚེས་24ཉིན《སྲོལ་ཡིག》དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་བཞུགས་སར་བཞག་ཡོད། བཟོ་བཅོས་ཡང་ཡང་བརྒྱབ་པའི《སྲོལ་ཡིག》དེར་མཉམ་སྡེབ་ཀྱི་བློ་གྲོས་གཅིག་ཏུ་འདུས་པས་ཚོགས་འདུའི་ཐོག་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད།

དྲང་སྲུང་དང་ཁྱད་ཆོས།

བོད་ཀྱི་སྐྱེ་ཁམས་ཤེས་དཔལ་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་པའི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཚོར་སྐྱེན་རང་བཞིན་བཅས་སྔར་བྱུང་མྱོང་མེད་པ་ཞིག་རེད།

《སྲོལ་ཡིག》ཇི་ལྟར་བྱས་ཏེ་དུས་རབས་གསར་པ་དང་འཚམ་པ་དང་། ཇི་ལྟར་བྱས་ཏེ་བརྟན་པོའི་ངང་ཡར་རྒྱས་ཡོང་བ། ཇི་ལྟར་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཆེད་བྱ་གཞག་རླབས་པོ་ཆེ་གཏོད་པ་བཅས་བྱེད་དགོས་སམ།

གོ་སྐབས་དང་འགྲན་སློང་མཉམ་གནས་ཡིན་པས་རང་ངོས་ནས་ཞིབ་ལྟ་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་མངོན་འགྱུར་ཆེད་ཐུན་མོང་འབད་བརྩོན་བཅས་བྱས་པ་ལས་བོད་ཀྱིས་ཁྲིམས་འཛུགས་ལག་ལེན་ཁྲོད་དྲང་སྲུང་གསར་གཏོད་ཐུབ་པ་བྱུང་ཡོད།

——ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

——རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་དགོས།

——རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ཚོད་ལྟའི་ཁུལ་དང་དཔེ་སྟོན་ཁུལ་གྱི་ཚད་གཞི་དེ་ས་གནས་ཀྱི་ཚད་གཞི་ནན་པོ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁ་འགོག་ཟོན་ནན་པོ་དང་ཞིབ་ཚགས་བྱེད་དགོས།

——སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་མཐུན་སྦྱོར་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བློ་སྟོབས་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས།

——སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་འཛུགས་སྐྱོང་དེ་རིག་གནས་འཛུགས་སྤེལ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་ཤེས་དཔལ་གྱི་ཁྲིམས་སྲོལ་ལམ་ལུགས་དང་སྐྱེ་ཁམས་རིག་གནས་ཀྱི་མ་ལག་འཛུགས་སྐྱོང་ལ་གཞོལ་དགོས།

——སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས།

“ཉེ་བའི་ལོ་ཤས་རིང་། བོད་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་ཁྱུ་ཚོགས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས། རྩྭ་ར་ཞན་འགྱུར་དང་མིའི་རིགས་འཚོ་སྡོད་ཁུལ་དུ་རི་སྐྱེས་སྲོག་ཆགས་མང་དུ་འགྲོ་བཞིན་ཡོད། 《སྲོལ་ཡིག》བཟོས་པ་དེས་བོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་མི་འདང་བའི་ཆ་གསབ་ཡོད”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དེང་རབས་བོད་ཀྱི་ཞིབ་འཇུག་ཁང་གི་ཞིབ་འཇུག་དངོས་སྦྱོང་བ་ཁྲེན་ཧྥེང་རུའུ་ཡིས་བཤད།

2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་། 《སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ནི་བོད་ཀྱི་མི་དམངས་ཁྲི་300ལྷག་ཙམ་གྱིས་འགན་འཁྲི་དང་འགན་འཁུར་བཞིན་དུ་གདམ་ག་བྱས་པ་ཞིག་དང་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཀྱི་བསྒྲགས་གཏམ་ཞིག་རེད། བོད་ཀྱི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་ཁྲིམས་སྲོལ་དེས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ཁྲིམས་སྐྱོང་གི་རྡོ་རིང་གཞན་ཞིག་འཛུགས་ཐུབ་ངེས་རེད།

(བདེ་སྐྱིད་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)