《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月28日

ཏང་ཡོན་རྒན་གྲས་ཀྱི་གཏམ་རྒྱུད་ཉན་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད།

“ཁྱེད་རང་ཀྲུང་གོ་གུང་ཁྲན་ཏང་ནང་ག་དུས་ཞུགས་པ་ཡིན་ནམ”

“ཁྱེད་ཀྱིས་ཏང་དང་རྒྱལ་ཁབ་ཆེད་འབད་འཐབ་བྱས་པའི་ལོ་ཟླའི་ནང་ཚེ་གང་བརྗེད་པར་དཀའ་བའི་བྱ་བ་གང་ཡོད་དམ”

“ཁྱེད་དང་གླེང་མོལ་བྱེད་པའི་བརྒྱུད་རིམ་ནང་། ཁྱེད་རང་ལོ་66ལ་སླེབས་པའི་སྣང་བ་མི་འདུག དུས་རྒྱུན་ཁྱེད་རང་ལ་དགའ་དད་གང་ཡོད་དམ”

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དགའ་གདོང་ཁྲོམ་གཞུང་སྡེ་ཁུལ་གྲོང་ལྷན་གྱི་ཚོགས་ཆུང་གསུམ་པའི་བགྲེས་སོང་རྡོ་རྗེའི་ཁྱིམ་དུ་ཆབ་མདོ་གྲོང་ཁྱེར་གྱི་ན་གཞོན་དང་བླངས་པ་ལྔ་ཡིས་བགྲེས་སོང་དང་གླེང་མོལ་བྱེད་སྐབས་དེ་མ་ཉིད་དུ་ཚོམས་ཆེན་འཁྲུག་ཆ་དོད་དུ་སོང་།

ཁྱིམ་འཛིན་མ་རིན་ཆེན་གྱིས་ཁོང་ཚོར་ཇ་བསྲུབས་མ་བཀྱགས་ནས་སྣེ་ལེན་གང་ཡག་ཞུས།

“ང་1986ལོར་ཏང་ནང་ཞུགས་པ་ཡིན། ད་བར་ཏང་ལོ་35ཡོད་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གུང་ཁྲན་ཏང་གིས་གནང་བ་ཞིག་རེད། སྔོན་མ་ཤིང་འབྲས་སོས་པ་དེ་འདྲ་ཟ་རྒྱུ་མེད་ལ། མཐོང་རྒྱུ་ཡང་མེད”ཅེས་བགྲེས་སོང་རྡོ་རྗེས་སྒྲོག་ཙེའི་ཐོག་གི་ཤིང་འབྲས་སྣ་ཚོགས་ལ་མཛུབ་མོ་བཙུགས་ནས་བརྗོད།

བགྲེས་སོང་རྡོ་རྗེས་དང་བླངས་པ་ཚོར་སྔོན་མ་ང་ཆབ་མདོའི་འཛུགས་སྐྲུན་ཀུང་སི་ཞིག་ཏུ་ལས་ཀ་བྱེད་མྱོང་ཡོད། 2003ལོར་རྒན་ཡོལ་ཞུས་ནས་དགའ་གདོང་ཁྲོམ་གཞུང་སྡེ་ཁུལ་ཨུ་ལྷན་དུ་ལས་ཀ་བཀོད་སྒྲིག་བྱས་བྱུང་། ཏང་ཡོན་ཡིན་སྟབས། མི་རྣམས་ཀྱིས་མཐོང་ཆེན་པོ་བྱས་ནས་2004ལོར་གྲོང་ལྷན་གྱི་ཀྲུའུ་རེན་ལ་བསྐོས་བྱུང་། ད་བར་ལས་ཀ་བྱས་ནས་ལོ་10ལྷག་ཙམ་འགྲོ་ཡི་འདུག འདི་ལོའི་སྐབས་བརྗེའི་སྐབས་དགོངས་པ་ཞུས་པ་ཡིན་ཞེས་བཤད།

“ཐོག་མར་གྲོང་ལྷན་གྱི་ཀྲུའུ་རེན་བྱེད་སྐབས་གླ་ཆ་མེད། ལོ་ལྟར་ལོ་མཇུག་ཏུ་རྩམ་པ་དང་ཇ་བག་ཆུང་སྤྲོད་ཀྱི་ཡོད། མི་སེར་ཚོར་བྱ་བ་སྒྲུབ་པ་དང་ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་ཐུབ་པས་གླ་ཆ་མེད་ཀྱང་གྲོང་ལྷན་གྱི་ལས་བྱེད་པ་ཚོས་འཁང་ར་བྱེད་མྱོང་མེད། 2011ལོ་ནས་བཟུང་ཟླ་རེར་གླ་ཆ་སྒོར་2000ལྷག་ཙམ་སྤྲད་བྱུང་ལ། རྒན་ཡོལ་ཞུས་པའི་དངུལ་ཡང་ལེན་རྒྱུ་ཡོད་པ་མ་ཟད། ཕྲུ་གུ་གཉིས་ཀྱང་གཞུང་ལས་པའི་རྒྱུགས་ལོན་པས་འཚོ་བ་སྐྱིད་པོ་འདུག དེ་དག་ཚང་མ་ཏང་དང་སྲིད་གཞུང་གི་བཀའ་དྲིན་ལས་བྱུང་བ་ཞིག་རེད”ཅེས་བགྲེས་སོང་རྡོ་རྗེས་སྤོབས་པ་ཆེན་པོས་བརྗོད།

བགྲེས་སོང་གི་ཇ་ཕོར་ནང་སྦངས་པའི་བཟས་དེ་མཐོང་སྐབས། དང་བླངས་པ་ཅིན་དབྱང་གིས“དེ་གང་རེད་དམ། ཚོན་མདོག་དེ་འདྲ་མཐོང་མྱོང་མེད”ཅེས་ཡ་མཚན་དང་བཅས་དྲིས།

“འདི་ནི་ཕ་ཡུལ་སྨར་ཁམས་ནས་འཁྱེར་ཡོང་བའི་ཕྱུ་ར་རེད། ད་ཆ་རྒན་ཡོལ་ཞུས་པ་དང་ཕྱི་དྲོ་ཇ་བསུབས་མ་བཏུང་ཞོར་དུ་ཇའི་ནང་ཕྱུ་ར་སྦངས་ནས་ཟ་རྒྱུར་དགའ་པོ་ཡོད། སྐབས་འགར་གྲོང་ལྷན་གྱི་བྱེད་སྒོ་ཁང་དུ་བསྐྱོད་ནས་མིག་མངས་རྒྱག་པ་དང་དགོང་མོ་གསར་འགྱུར་ལྟ་གི་ཡོད”ཅེས་བརྗོད་བཞིན་དང་བླངས་པར་ཕྱུ་རའི་བྲོ་བ་མྱོང་དུ་བཅུག

དེ་རྗེས་དང་བླངས་པ་ཚོས་ཀྲུང་གོའི་བཀྲ་ཤིས་དར་མདུད་བསྒར་རོགས་བྱས་པ་དང་ཁྱིམ་འཛིན་མར་ཆ་ཡིག་སྤྲད་དེ་ལོ་གསར་སྐབས་སྦྱར་དགོས་པའི་མངགས་བྱ་བྱས་པ་མ་ཟད། རྒན་རྒོན་གཉིས་ལ་རྒྱུན་དུ་ཤིང་འབྲས་མང་ཙམ་བཟའ་བ་དང་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས། ལས་ཀ་ཚང་མ་ཚར་རྗེས་དང་བླངས་པ་ཚོས་རྒན་རྒོན་གཉིས་དང་མཉམ་དུ་དྲན་རྟེན་པར་བརྒྱབ་པ་རེད།

“དེ་རིང་ཁྱེད་ཚོས་ང་ཚོ་རྒན་འཁོགས་གཉིས་ལ་ལྟ་བར་ཡོང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོའི་རེ་བ་ཚང་མ་ཁྱེད་ཚོ་གཞོན་ནུ་ཚོར་བཅོལ་ཡོད། འདི་ལོ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་པས། ངས་ང་ཚོའི་རྒྱལ་ཁབ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན་ལ། ཁྱེད་ཚོ་གཞོན་ནུ་ཚོས་ཀྱང་དུས་རབས་གསར་པར་རང་རེའི་ཏང་གི་བསམ་བློའི་དགོངས་དོན་དར་སྤེལ་གཏོང་རྒྱུའི་རེ་བའང་ཡོད”ཅེས་བརྗོད་བཞིན་ཁོམ་པ་བྱུང་དུས་ཁྱིམ་དུ་སླར་ཡང་ཡོང་རྒྱུའི་རེ་བ་བཏོན་པ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པད་ཆོས་ཀྱིས་ཞུས)