《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

དོན་དངོས་ལ་གཞི་ཚུགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་བློ་གྲོས་དང་སྟོབས་ཤུགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་བ།

ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བརྡ་ཐོའི་བླང་བྱ་ལྟར། ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱ་རྒྱུ་བཅས་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝུའུ་དབྱིང་ཅེས་མཛུབ་སྟོན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་ཚིགས་འདིར། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་སྐུལ་སློང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ང་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་བྱེད་པ་དང་འབྲེལ་གོ་བ་གཏིང་ཟབ་ལོན་པ། དེའི་ནང་དུ་ཁྱབ་པའི་ཕུགས་བསམ་དད་སེམས་དང་། ལས་འགན་སྒྲུབ་སེམས། བསམ་བློ་གཏོང་སྟངས། ལས་དོན་སྤེལ་སྟངས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོར་བརྟེན་ནས་ལས་དོན་ལ་སྐུལ་འདེད་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟག་བཤེར་ཏན་ཏིག་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་དང་། དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། དེས་ན་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ལ་བརྟེན་ནས་འདུན་པ་གསལ་སྟོན་བྱེད་རྒྱུའི་སློབ་གསོ་གཏོང་བ་དང་འབྲེལ་ཁྲིད་སྟོན་ཡང་བྱེད་པ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་ཧྭ་མི་རིགས་ལ་རླབས་ཆེན་གྱི་ལེགས་སྐྱེས་ཕུལ་བ་དང་རྩ་བའི་གྲུབ་འབྲས་ཐོབ་པ་ཤེས་རྟོགས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། མར་ཁེ་སི་རིང་ལུགས་འགྲིག་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་པ། བོད་དུ་ཏང་གི་འདས་པ་དང་། ད་ལྟ། མ་འོངས་བཅས་ཇི་འདྲ་ཡིན་པ་གསལ་པོ་ཤེས་པར་བྱེད་པ། བོད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་། ཕྱོགས་སྡོམ་ཡག་པོ། རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱེད་པ། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་པ་གསར་པོར་རྟོགས་པར་བྱེད་པ། ཏང་ནི་ང་ཚོས་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“འགན་ལེན་བཞི”མངོན་འགྱུར་བྱེད་པའི་སྲོག་ཤིང་ཡིན་པ་གསལ་པོ་ཤེས་པར་བྱེད་པ། “སྲུང་སྐྱོང་གཉིས”དེ་བས་རང་རྟོགས་ངང་ཐུབ་པར་བྱེད་པ་བཅས་ཀྱིས་དུས་ཚོད་གང་འདྲ་ཞིག་ཡིན་ནའང་འདྲ། གནས་ཚུལ་གང་ཞིག་ཐོན་ནའང་འདྲ། གང་ལྟར་དུས་དང་རྣམ་པ་ཀུན་ཏུ་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོ་བོར་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཇུས་གཞི་ཆེན་པོར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པར་དམ་པོར་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དེ་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱེད་པ། དེ་བཞིན་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་སྦྱོང་དང་བོད་ཞི་བའི་བཅིངས་འགྲོལ་གྱི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་འབྲེལ་བ་བྱེད་པ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པ། ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དྲང་སྲུང་གསར་གཏོད་ཀྱིས་གོ་སྐབས་ལ་དམ་འཛིན་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་རྣམ་པ་གསར་པ་གཏོད་པ་བཅས་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

གཅིག་ནས་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཏང་གི་ལོ་རྒྱུས་ཀྱི་ཁྲོད་ནས་དྲང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ལེན་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་གསུམ་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

གཉིས་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་རྟོགས་པར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བའི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ཏང་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་རྒྱུས་ཀྱི་ལམ་ཚད་དང་ཏང་གིས་བོད་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་བྱས་པའི་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ཀྱི་ཁྲོད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་སྔར་བས་གཏིང་ཟབ་ལོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་གནད་དང་བླ་སྲོག་ལྟ་བུ་ཡིན་པ་ཤེས་པར་བྱེད་དགོས། ང་ཚོས་ཟབ་སྦྱོང་མཐིལ་རྟོགས་དང་དོན་འཁྱོལ་དམིགས་སར་འབྱོར་ཚེ་ལས་ཀར་ཁ་ཕྱོགས་ཡོད་པ་དང་། གདིང་ཤུགས་ཡོད་པ། གདེང་ཚོད་ཡོད་པ་བཅས་ཡོང་སྲིད་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས།

གསུམ་ནས་ལོ་བརྒྱའི་རིང་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་ཚད་སྔར་བས་བློ་ལ་བརྟན་པོར་ངེས་ཏེ། རང་རེའི་ཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། རང་རེའི་ཏང་གིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་འགྲིམས་པ་དང་། བློས་གཏོང་ཧ་ཅང་ཆེན་པོ་བྱས་པ། དཔའ་སྟོབས་ཧ་ཅང་ཆེན་པོ་ངོམ་སྟོན་བྱས་པ། སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་པར་བྱས་པ། བོད་འཛུགས་སྐྱོང་དང་། བོད་བརྟན་ལྷིང་། བོད་འཕེལ་རྒྱས། བོད་དར་རྒྱས་བཅས་ལ་བློ་གྲོས་དང་སེམས་ནུས་སྐྱེས་སུ་ཕུལ་བ་བློ་ལ་བརྟན་པོར་ངེས་ཏེ། ཏང་དང་དཀའ་སྡུག་མཉམ་ཁུར་དང་། རྒྱལ་ཁབ་ལ་ལྷག་བསམ་རྣམ་དག མི་དམངས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ་བཅས་ཀྱི་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་དང་འགན་འཁྲི་འཁུར་སེམས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་ཡག་པོ་སྐྱོད་པ་དང་མུ་མཐུད་མདུན་སྐྱོད་བྱས་ཏེ་དེང་རབས་ཅན་གྱི་ལེའུ་གསར་པ་གཏོད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

བཞི་ནས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་དང་ལས་འགན་གཏིང་ཟབ་ཚོར་བར་བྱེད་དགོས། སུའི་ཆེད་དུ་ཡིན་པ་དང་། སུ་ལ་རྟེན་དགོས་པ། རང་ཉིད་སུ་ཡིན་པ་བཅས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་བ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཁེ་ཕན་མང་ཚོགས་ལ་སྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་དོན་ཐམས་ཅད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བར་དམིགས་པ། མང་ཚོགས་ཀྱི་ལས་དོན་རང་ཉིད་ཀྱི་ལས་དོན་ལ་བརྩིས་ནས་སྒྲུབ་པ། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་དཀའ་གནད་དང་དོན་དངོས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་སྒྲུབ་པ་བཅས་ཀྱིས་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པར་བྱེད་དགོས།

ལྔ་ནས་གསར་བརྗེའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། གསར་བརྗེའི་ཕུགས་འདུན་གང་ལས་ལྷག་པ་དང་བླ་ན་མེད་པའི་སྙིང་སྟོབས་ནམ་ཡང་གནས་པ་བློ་ལ་བརྟན་པོར་ངེས་ཏེ། རང་འགུལ་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། བསམ་པའི་འཚོ་བཅུད་ཡག་པོ་གསབ་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས”ཁུང་ཕན་སེན་གྱི་སྙིང་སྟོབས་བཅས་ལ་དུས་རབས་གསར་པའི་ནང་དོན་རྒྱུན་ཆད་མེད་པར་སྣོན་པ་བཅས་བྱས་ནས་གུང་ཁྲན་ཏང་མིའི་སྙིང་སྟོབས་མཚོན་པའི་ལོ་རྒྱུས་སྙན་ངག་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།

དྲུག་ནས་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྔར་བས་ཕྱོགས་སྡོམ་བྱས་ཏེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལོ་རྒྱུས་ཀྱི་ཁྲོད་ནས་བློ་སྒོ་འབྱེད་པ་དང་། འཐབ་རྩོད་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཀའ་སྡུག་ཆེ་ཤོས་ལ་དམིགས་པ་དང་། གྲ་སྒྲིག་གང་ལེགས་བྱེད་པ། ལེགས་པའི་ཕྱོགས་སུ་འབད་བརྩོན་བྱེད་པ། གྲུབ་འབྲས་བཟང་ཤོས་འཐོབ་པར་བརྩོན་ལེན་བྱེད་པ་བཅས་ཀྱིས་བཅོས་སྒྲིག་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རུལ་འགོག་འགྱུར་ཟོན་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དེ་འདི་ལོའི་ལོ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་བློ་གསལ་རྟོགས། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་མངོན་གསལ་དོད་པོ་ཡོང་བ་དང་། རྒྱུན་གཏན་གྱི་འཚོ་བར་འདྲེས་པ་དང་རྒྱུན་དུ་དམ་འཛིན་བྱ་རྒྱུར་སྣང་ཆེན། ཆེད་དོན་སློབ་སྦྱོང་ལ་དམ་འཛིན་ཡག་པོ། ཆབ་སྲིད་ལ་བརྟེན་ནས་ཁྲིད་སྟོན་བྱེད་པར་ཤུགས་སྣོན། ཆེད་དོན་གསོ་སྦྱོང་སྒྲིག་འཛུགས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པ་བཅས་བྱས་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་འཐོབ་པའི་འགན་ལེན་བྱེད་དགོས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁར། བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་གཏིང་ཟབ། ཚན་རིག་དང་མཐུན་པའི་ཇུས་འགོད་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་མང་ཚོཌ་ཀྱི་སེམས་ཁྲལ་ཆེ་བ་དང་། དཀའ་ངལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་དངོས་ཐག་གཅོད་ཡག་པོ་བྱེད་པ་དང་། བྱ་བ་བཟང་པོ་དང་བྱ་བ་དངོས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ནས་མི་རིཌ་ཁག་གི་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་དང་འགོ་ཁྲིད་བློ་མཐུན་གཙོ་བོ་ངོ་མས་དམ་འཛིན་དང་སྣེ་ཁྲིད་དཔེ་སྟོན་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་དམིགས་སར་ཏན་ཏིག་འབྱོར་བར་བྱེད་དགོས། ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་བཙུགས་ནས་ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་དང་། གཙོ་རྐང་། གཙོ་རྒྱུན། ངོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་དང་དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ལས་བྱེད་པ་དང་མང་ཚོགས་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འདི་ཉིད་རང་རེའི་ཏང་གིས་བོད་དུ་ལོ་ངོ་70ཡི་རིང་གི་གསར་བརྗེའི་ལག་ལེན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱིར་དྲན་དང་ཕྱོགས་སྡོམ་དང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ལྗོངས་ཡོངས་སུ་སྤེལ་བཞིན་པའི“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་བྱེད་དགོས་པའི་ཆེད་དོན་སློབ་གསོ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། མི་ཇི་ལྟར་གསོ་སྐྱོང་བྱེད་དགོས་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་དགོས་པའི”སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུའི་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་པའི་བྱ་བ་ཆེན་པོ་གཉིས་ལ་དམིགས་ནས། སློབ་སྦྱོང་སློབ་གསོ་དང་གཙོ་གནད་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོའི་ཁྲོད་འཕེལ་བའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ་ཉིད“སྲུང་སྐྱོང་གཉིས”ཐུབ་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པ་འགན་ལེན་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། (སྤེན་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)