《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月25日

“ནམ་ཡང་བཙའ་མི་རྒྱག་པའི་གཅུས་གཟེར་ཞིག་བྱེད”

—— རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བསོད་སྒྲོལ་གྱི་སྐོར་བཀོད་པ།

ན་ནིང་ཟླ་11ཚེས་24ཉིན་2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། མི་དམངས་ཚོགས་ཁང་ཆེ་མོར་ཡོང་ཐེངས་དང་པོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐག་ཉེ་པོ་ནས་མཇལ་ཐེངས་དང་པོ་ཡིན་པའི་བསོད་སྒྲོལ་གྱིས“སེམས་འགུལ་ཆེན་པོ་ཐེབས་པ་དང་། དགའ་བ་དཔག་མེད་སྐྱེས་པ་མ་ཟད། ད་དུང་དངངས་འཚབ་ཕྲན་བུའང་བྱུང”ཞེས་བཤད།

བསོད་སྒྲོལ་ནི་བོད་ལྗོངས་ཧྥུའུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིའི་དོས་དྲག་ཚན་ཁག་དང་སྒོ་བསྟེན་སྨན་ཆུ་བླུག་ཁང་གི་སྨན་གཡོག་དཔོན་ཞིག་རེད། བསོད་སྒྲོལ་འཕྲད་པའི་སྐབས་ཁོང་གིས་ནད་ཁང་ཁག་ཏུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕར་འགྲོ་ཚུར་འོང་བྱེད་པ་དང་། ནད་པར་གནས་ཚུལ་དྲིས་ཀྱིན་ངལ་གསོ་ཡག་པོ་རྒྱག་དགོས་ཞེས་སེམས་གསོ་གཏོང་བ་དང་དུས་མཚུངས་སྨན་གཡོག་ལ་དོ་སྣང་བྱེད་དགོས་པའི་དོན་འགའ་ཞིག་ནན་གྱིས་མངགས་བཞིན་འདུག ཁོང་གིས་ཉིན་ལྟར་སྨན་ཆུར་སྦྱོར་རྟ་བྱེད་པ་དང་། སྨན་ཆུ་བླུག་པ། ནད་པར་ལྟ་རྟོག་བྱེད་པ། ཐོ་འགོད་པ་སོགས་ཀྱི་ལས་ལ་གཞོལ།

སྨན་གཡོག་ནི་ནད་པའི“སྲུང་མ”ལྟ་བུ་ཡིན་ཞིང་། ནད་པར་གང་གི་དུས་སུ་རོགས་རམ་མཁོ་བའི་ངེས་པ་མེད་པས་སྨན་གཡོག་གིས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱས་ནས་སྡོད་དགོས་ཀྱི་ཡོད། དོས་དྲག་ཚན་ཁག་གི་སྨན་གཡོག་དཔོན་ཞིག་ལ་ཆ་མཚོན་ན་དེ་བས་ཀྱང་བཀའ་སྒུག་ནས་སྡོད་དགོས་ཀྱི་ཡོད།

“སྨན་གཡོག་དཔོན་ལགས། ནད་པ་ཞིག་དྲན་པ་ཐོར་འདུག”

“ཁྱེད་རང་གང་དུ་ཡོད་དམ”

“གློག་པར་ཚན་ཁག་གི་སྒོ་རྩར་ཡོད”

“མགྱོགས་པོ། མགྱོགས་པོ་མྱུར་སྐྱོབ་གྱིས། དུས་ཚོད་དམ་འཛིན་གྱིས་མྱུར་སྐྱོབ་གྱིས”

ད་བྱེད་དུས་ནད་པ་ཞིག་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་སྐབས། གློ་བུར་དུ་སྙིང་རྩ་འགགས་ནས་གློག་པར་ཚན་ཁག་གི་སྒོ་ཁར་དྲན་པ་ཐོར་ནས་འགྱེལ་ཡོད། གནས་ཚུལ་གློ་བུར་དུ་ཐོན་པས་ཚང་མར་གྲ་སྒྲིག་གང་ཡང་མེད། སྐབས་དེར་བསོད་སྒྲོལ་དང་སྨན་པ་གཞན་དག་འགའ་ཞིག་གིས་བྱ་སྤྱོད་མྱུར་དུ་སྤེལ་ཞིང་། ཁོ་ཚོས་དུས་ཚོད་དམ་འཛིན་གྱིས་ནད་པ་དུས་ཐོག་ཏུ་མྱུར་སྐྱོབ་བྱས་སྟབས་ནད་པ་དྲན་པ་གསོས་ཙམ་བྱུང་།

“དེ་འདྲ་བའི་མྱུར་སྐྱོབ་བྱས་ཚུལ་དོས་དྲག་ཁང་དུ་རྟག་ཏུ་མཐོང་རྒྱུ་ཡོད། ང་ཚོ་ནི་གཤིན་རྗེ་དང་འགྲན་མཁན་ཞིག་ཡིན། ནད་པ་གཤིན་རྗེའི་ཁ་ནས་བསྐྱབས་ཐུབ་རིམ་བཞིན་དགའ་བ་དཔག་མེད་སྐྱེ་བ་མ་ཟད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ད་དུང་ལས་ཀ་དེར་དགའ་ཞེན་ཡང་ཆེ་རུ་འགྲོ་གི་འདུག”ཅེས་བསོད་སྒྲོལ་གྱིས་བཤད།

བསོད་སྒྲོལ་གྱིས་སྨན་གཡོག་གི་ལས་ཀ་ལོ་15ཏག་ཏག་རྒྱུན་མི་ཆད་པར་བྱས་ཡོད།

2005ལོར་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ནས་ཐོན་རྗེས། བསོད་སྒྲོལ་གྱིས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དུ་ལས་ཀར་བསྐྱོད་རྒྱུའི་གདམ་ག་བྱས། “སྐབས་དེར་ངས་སྦྱངས་པའི་ཆེད་ལས་ནི་ནད་སྐྱོང་ཡིན་ལ་ངའི་ཕུགས་བསམ་ཆེ་ཤོས་ཀྱང་སྨན་བཅོས་སྲོག་སྐྱོབ་བྱ་རྒྱུ་དེ་ཡིན”

དོན་དངོས་ཐོག་བོད་རིགས་གཞོན་ནུ་མ་དེས་སྨན་པའི་ཆེད་ལས་ལ་དགའ་ཞེན་ཆེན་པོ་བྱེད་དོན་གཙོ་བོ་ཞིག་ནི་ཨ་ཞང་ལགས་ཀྱི་ཤུགས་རྐྱེན་ཐེབས་པས་རེད། བསོད་སྒྲོལ་གྱིས་གསར་འགོད་པར། ང་རང་ཆུང་བྱིས་པའི་དུས་ནས་ཨ་ཞང་ལགས་ཀྱི་གམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན། སློབ་གྲྭ་ནས་ཁྱིམ་དུའམ་ཡང་ན་ཨ་ཞང་ལགས་ཀྱི་གཞུང་ལས་ཁང་དུ་སྐྱོད་རིམ་བཞིན་ཨ་ཞང་ལགས་ཀྱིས་ངང་རྒྱུད་རིང་པོས་ནད་པ་དང་གླེང་མོལ་གནང་བ་མཐོང་གི་འདུག་ཅེས་བཤད།

“ད་ཆ་ང་ཚོར་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད། ང་ཚོས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་གང་ཡོད་སྤྱད་ནས་མི་དེ་བས་མང་བར་རོགས་རམ་བྱེད་དགོས་ཞེས་ཨ་ཞང་ལགས་ཀྱིས་བསླབ་བྱ་ཡང་ཡང་གནང་གི་འདུག”ཅེས་བསོད་སྒྲོལ་གྱིས་བཤད།

ཨ་ཞང་ལགས་ཀྱི་སློབ་སྟོན་བཟང་པོའི་འོག་ཆུང་བྱིས་པའི་དུས་ནས་བསོད་སྒྲོལ་གྱི་སེམས་ནང་སྨན་པ་ཞིག་བྱ་རྒྱུའི་འདུན་པ་སྐྱེས་པ་སྟེ། “ངས་གུང་ཁྲན་ཏང་ནང་ཞུགས་ཏེ་སྨན་པ་ཡག་པོ་ཞིག་བྱས་ནས་མི་དེ་བས་མང་བར་རོགས་རམ་བྱ་རྒྱུ”དེ་རེད།

2008ལོའི་ཟླ་5ཚེས་12ཉིན་དབུན་ཁྲོན་དུ་ས་ཡོམ་བརྒྱབ་ཅིང་། གེགས་བར་ཆེན་པོའི་ཁྲོད་དུ་མི་ཞིག་གི“ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་སེམས”ལ་དེ་བས་ཚོད་བགམ་བྱེད་ཐུབ།

ས་ཡོམ་བརྒྱབ་རྗེས་བསོད་སྒྲོལ་གྱིས་ཧྥུའུ་ཁང་གི་ཡོམ་འགོག་གེགས་སེལ་མྱུར་སྐྱོབ་རུ་ཁག་ལ་ཞུགས་རྒྱུའི་མིང་ཐོ་འཕྲལ་མར་བཀོད་པ་བརྒྱུད། རོགས་སྐྱོབ་རུ་ཁག་གི་བོད་རིགས་རུ་མི་གཅིག་པུ་དེར་གྱུར།

རོགས་སྐྱོབ་བྱེད་རིང་སྨན་བཅོས་རུ་ཁག་ལ་གྲོངས་ལ་ཁའི་མི་ཞིག་སྨན་བཅོས་བྱེད་པར་བསྐྱལ། ཟླ་བོ་དང་བུ་མོ་སོགས་དང་འབྲེལ་བ་ཆད་པའི་རྐྱེན་གྱིས་ནད་པའི་ཡིད་ཐང་རྦད་དེ་ཆད་པ་དང་འབྲེལ་རང་ཤི་རྒྱག་རྒྱུའི་བསམ་བློ་ཡང་འཁོར།

འགག་རྩའི་དུས་སུ་བསོད་སྒྲོལ་གྱིས་རྒུན་འབྲུམ་མངར་ཆུར་སྲིང་བལ་སྦངས་ཏེ་ནད་པའི་མཆུ་ཏོ་ཕྱིས་པ་དང་འབྲེལ། ནད་པ་དང་སྙིང་གཏམ་ཤོད་རེས་ཀྱིས་སེམས་པ་གསོ་ཐབས་བྱས། ཉིན་མཚན་གཅིག་འབད་བརྩོན་བྱས་པ་བརྒྱུད། མཐར་ནད་པའི་སེམས་ནད་བསལ་བ་དང་སྦྲགས། རོགས་སྐྱོབ་རུ་ཁག་གིས་སྨན་བཅོས་བྱེད་པར་རང་འགུལ་ངང་རམ་འདེགས་བྱས་མོད། འོན་ཏེ་བསོད་སྒྲོལ་རང་ཉིད་གེགས་ཁུལ་དུ་ཚ་བ་ཆེ་བ་དང་དེ་བཞིན་ས་ཆ་མ་འཕྲོད་པའི་དབང་གིས་ལུས་པོར་ཐོར་པ་དམར་པོ་དོན་པ་དང་འབྲེལ་རྣག་ཀྱང་རྒྱག་འགོ་ཚུགས།

ཉིན་32ནི་དུས་ཡུན་རིང་པོ་ཞིག་མིན་རུང་། བསོད་སྒྲོལ་གྱི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བ་ཞིག་རེད། ཁོང་དང་ལས་རོགས་ཚོས་གེགས་ཁུལ་གྱི་མང་ཚོགས་ཁྲི་ལ་ཉེ་བར་རོགས་སྐྱོབ་བྱས་པ་དང་རྨས་མ་2500ལྷག་ཙམ་གྱི་ཚེ་སྲོག་བསྲུངས་ཡོད། ཧྥུའུ་ཁང་རོགས་སྐྱོབ་རུ་ཁག་བཅའ་སྡོད་བྱ་ཡུལ་དུ་བསོད་སྒྲོལ་ལ་ས་གནས་དེ་གའི་མང་ཚོགས་ཚོས“བོད་ནས་ཕེབས་པའི་སྐལ་བཟང་མེ་ཏོག་མཛེས་ཤོས”ཞེས་མཛའ་བརྩེའི་ངང་འབོད།

2010ལོའི་ཟླ་4པར་མཚོ་སྔོན་གྱི་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་བསོད་སྒྲོལ་གྱིས་ཡོམ་འགོག་གེགས་སེལ་ལ་ཞུགས་རྒྱུའི་མིང་ཐོ་སླར་ཡང་བཀོད། “ང་ཚོས་མི་གཅིག་སྐྱོབ་བཅོས་ཐུབ་ན་བདེ་ཐང་གི་ཁྱིམ་ཚང་གཅིག་མང་དུ་འགྲོ་སྲིད་ལ་བདེ་ཐང་གི་ཀྲུང་གོ་སྐྲུན་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ”ཅེས་བསོད་སྒྲོལ་གྱིས་བརྗོད།

ལོ་15ཡི་རིང་བསོད་སྒྲོལ་ལ་ཡོམ་འགོག་གེགས་སེལ་གྱི“སྔོན་ཐོན་མི་སྒེར”དང་། དམིགས་བསལ་གྱི་ལེགས་སྐྱེས་བྱ་དགའ” “བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བྱས་རྗེས་འཇོག་མཁན་དཔེ་དམག”“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ། འདི་ལོ་བསོད་སྒྲོལ་ལ“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་སླར་ཡང་ཐོབ་ཅིང་། གྲུབ་འབྲས་འདི་དག་གི་མདུན་དུ་ཁོང་གིས“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་ལ། སྨན་དོན་མི་སྣ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་ལས་དོན་པ་དཀྱུས་མ་ཞིག་ཀྱང་ཡིན། ངས་ནམ་ཡང་བཙའ་མི་རྒྱག་པའི་གཅུས་གཟེར་ཞིག་བྱས་ཏེ། མེས་རྒྱལ་གྱི་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་བཙུགས་ནས་ནད་པ་དེ་བས་མང་བར་དྲོ་སྐྱིད་སྦྱིན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

(སྤེན་ཚེ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)