《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月23日

བྱང་རྩྭ་ཐང་སྟེང་གི་ཐུན་མོང་མ་ཡིན་པའི་གྲོང་ཚོའི་ཚོགས་འདུ།

བྱང་རྩྭ་ཐང་དུ་ཞོགས་པ་མཁའ་རླུང་གཙང་ལ་གྲང་ངར་ཆེ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པའི་ཤན་རྩྭ་རྫོང་ཤན་རྩ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་ལོ་འཁོར་འཕེལ་རྒྱས་ཀྱི“བགྲོ་གླེང་ཚོགས་འདུ”འཚོག་གྲབས་ཡོད་པ་རེད།

གྲོང་མི་རྣམས་རིམ་གྱིས་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཁང་དུ་འཛོམས། “ཚོགས་འདུའི་གྲོས་དོན་གཉིས་ཡོད་པའི་ནང་ནས་གཅིག་ནི་ལོ་གཅིག་གི་མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ་བརྡ་ཁྱབ་གཏོང་རྒྱུ་དང་། གཅིག་ཤོས་ནི་དབུལ་སྒྲོལ་འགག་སྒྲོལ་བྱུང་རྗེས་ད་དུང་འཕེལ་རྒྱས་གང་འདྲ་གཏོང་བའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན”ཞེས་གྲོང་ཚོའི་ཀྲུའུ་རེན་རིན་ཆེན་བརྩོན་འགྲུས་ཀྱིས་དེ་ལྟར་བརྗོད།

གྲོང་ཚོ་ཨུ་ལྷན་གྱིས་རྒྱུན་དུ་ཚོགས་འདུ་འཚོགས་རུང་། གྲོས་དོན་དེ་འདྲ་འདོན་ཐེངས་དང་པོ་རེད། “ང་ཚོའི་གྲོང་ཚོའི་ཚོགས་འདུ་ཐུན་མོང་མ་ཡིན་པ་ཞིག་ཡོད་དེ། ས་བབ་མཐོ་ལ། གྲོས་དོན་ལ་མཐོ་ཚད་ལྡན་ཞིང་། ད་དུང་གྲོང་མི་ཚོའི་རེ་སྒུག་ཀྱང་ཧ་ཅང་ཆེན་པོ་ཡོད”ཅེས་རིན་ཆེན་བརྩོན་འགྲུས་ཀྱིས་བརྗོད།

དང་ཐོག་གྲོང་ཚོའི་རྩིས་པ་ཉི་མ་རྡོ་རྗེས་གཏམ་བཤད་སྤེལ་ནས། “འདི་ལོ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་252ཟིན་པའི་ནང་མཉམ་ལས་ཁང་གི་ཡོང་འབབ་སྒོར་ཁྲི་134ཟིན་ཡོད། མཉམ་སྡེབ་ཡོང་འབབ་མང་དུ་ཕྱིན་པར་བརྟེན་གྲོང་མི་ཚོའི་བགོ་འགྲེམས་ཀྱང་དེ་དང་ཆབས་ཅིག་མང་དུ་འགྲོ་རྒྱུ་རེད། ཁྱིམ་ཚང་ཁག་ལ་ཚགས་ཤ་ལུག་ཤ་དང་མར་བཅས་བགོ་རྒྱུ་ཡིན་ལ། ད་དུང་མི་རེར་དངུལ་སྨར་སྒོར་ཁྲི་གཅིག་ལྷག་ཙམ་སྤྲོད་རྒྱུ་ཡིན”ཞེས་བཤད།

དེར་ཡོད་མང་ཚོགས་ཚོས“ཡག་པོ་འདུག ཡག་པོ་འདུག”ཅེས་བཤད་ནས་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར།

ཟུར་ཞིག་ཏུ་བསྡད་པའི་གྲོང་མི་བདེ་དམར་ཡར་ལངས་ནས“གྲོང་ཚོ་ཨུ་ལྷན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཟའ་ཟླ་སྔ་ས་ནས་གྲོངས་པ་དང་ཕྲུ་གུ་བཞི་གསོ་རྒྱུ་ཡོད་པས་ལོ་ཁ་ཤས་གོང་ངའི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོའི་འོག་ང་གཞི་ནས་དབུལ་སྒྲོལ་ཐུབ་སོང”ཞེས་བརྗོད།

“གོམ་སྟབས་རྗེས་མར་ང་ཚོས་ད་དུང་མུ་མཐུད་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན། ཚང་མར་སླད་ཕྱིན་རེ་བ་གང་ཡོད་པ་དང་འཕེལ་རྒྱས་གང་འདྲ་གཏོང་རྒྱུའི་ཐད་གྲོས་འགོ་འདོན་རོགས་ཞུ་རྒྱུ་ཡིན”ཞེས་རིན་ཆེན་བརྩོན་འགྲུས་ཀྱིས་བཤད།

ལོ་50ལྷག་ཙམ་ལ་སླེབས་པའི་བསོད་ནམས་ལྷུན་གྲུབ་ཀྱིས“ངས་སྔོན་ལ་ཤོད་ཀྱི་ཡིན། དབུལ་སྒྲོལ་བྱུང་ནའང་ཚང་མས་བག་མེད་ཀྱི་འཚོ་བ་སྐྱེལ་རྒྱུ་མེད། ད་ཆ་གྲོང་ཚོའི་ནང་གི་གཞོན་ནུ་ཁག་གཅིག་ཉིན་གང་འཁྱམས་ནས་སྡོད་ཀྱི་འདུག དེ་འདྲ་བྱས་ན་ག་ནས་འགྲིག དབུལ་སྒྲོལ་བྱུང་བ་ཙམ་གྱིས་མི་འགྲིག་པར་ང་ཚོས་དེ་བས་ཤེས་བྱ་ཡོན་ཏན་སྦྱངས་ནས་འཚོ་བ་ཡག་པོ་སྐྱེལ་དགོས”ཞེས་བརྗོད།

“ད་དུང་གྲོང་ཚོའི་ནང་རིག་གནས་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད”ཅེས་ཁ་གསབ་ཏུ་བཤད།

ཚང་མའི་གྲོས་བསྡུར་ཉན་རྗེས། རིན་ཆེན་བརྩོན་འགྲུས་ཀྱིས“ད་ཆ་གྲོས་བསྡུར་བྱས་པ་བརྒྱུད་ཚང་མར་རེ་བ་བཞི་ཡོད་པའི་ནང་ནས་གཅིག་ནི་དེ་བས་དཀའ་སྤྱད་ངལ་རྩོལ་དང་དེ་བས་སྙིང་སྟོབས་འཕེལ་བ་བྱ་རྒྱུ་དང་། གཉིས་ནི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། གསུམ་ནི་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ། བཞི་ནི་རིག་གནས་ཀྱི་བྱེད་སྒོ་མང་ཙམ་སྤེལ་ནས་སྤྱི་པའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་བཅས་རེད་འདུག”ཅེས་ཕྱོགས་སྡོམ་བྱས་པ་རེད།

“གནད་དོན་དང་པོ་དེ་སྟབས་བདེ་པོ་རེད། མི་ཚང་མས་འཚོ་བ་ཡག་པོ་སྐྱེལ་འདོད་བྱེད་ཀྱི་ཡོད། མང་ཚོགས་ཚོས་སྒྱིད་ལུག་ཅན་ལ་ཁྱད་གསོད་བྱེད་ཀྱི་ཡོད། གྲོང་ཚོས་ནུས་པ་འདོན་སྤེལ་བྱས་ནས་དཀའ་སྤྱད་ངལ་རྩོལ་བྱེད་མཁན་ལ་བྱ་དགའ་སྤྲོད་པ་དང་སྒྱིད་ལུག་ཅན་ལ་ཆད་པ་གཅོད་དགོས”ཞེས་འཇམ་དབྱངས་ཀྱིས་བཤད།

“རིག་གནས་བྱེད་སྒོ་ཉུང་བའི་གནས་ཚུལ་ཐག་གཅོད་བྱེད་བདེ་པོ་རེད། ང་ཚོ་བོད་རིགས་ནི་གླུ་ལེན་གར་འཁྲབ་ལ་བྱང་པོ་ཡོད”ཅེས་གྲོང་མི་བདེ་དམར་གྱིས་བཤད།

“དེ་སྣང་དག་མེད། ངས་རིག་གནས་ཚན་པ་དང་འབྲེལ་བ་བྱས་ཏེ་བྱེད་སྒོ་མང་ཙམ་སྒྲིག་འཛུགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་འཕྲིན་ལས་དབང་རྒྱལ་གྱིས་བཤད།

གྲོང་མི་ཚོའི་གྲོས་བསྡུར་འཁྲུག་པོའི་ཁྲོད་ཉིན་དགུང་ཟིན་པས་དམིགས་བསལ་གྱི་བགྲོ་གླེང་ཚོགས་འདུ་ཡང་མཇུག་འགྲིལ་མཚམས་སུ་སླེབས།

ཚོགས་འདུ་གྲོལ་རྗེས། དྲོ་འཇམ་ཉི་འོད་རྩྭ་ཐང་གི་ཕྱོགས་བཞི་མཚམས་བརྒྱད་ལ་འཕྲོས་པས་མང་ཚོགས་ཀྱི་ལུས་སེམས་གཉིས་ཀར་དྲོ་སོབ་སོབ་ཀྱི་སྣང་བ་བྱུང་བ་དང་། གྲོང་ཚོ་ཨུ་ལྷན་གྱི་སྒོ་སྟེང་གི་སྐར་ལྔའི་དར་དམར་ཡང་ཉི་འོད་ཁྲོད་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)