《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

མཇིང་ཚིགས་ནད་སྔོན་འགོག་དང་རྒྱུན་གཏན་གསོ་ཐབས།

གཅིག གང་ཞིག་ལ་མཇིང་ཚིགས་ནད་ཟེར་རམ།

མཇིང་ཚིགས་ནད་ལ་མཇིང་ཚིགས་ཕྱོགས་བསྡུས་ནད་ཀྱང་ཟེར་གྱི་ཡོད། མིའི་ལུས་ཀྱི་མཇིང་ཚིགས་མཁར་མཚམས་རིམ་བཞིན་ཉམས་པ་དང་མཇིང་ཚིགས་ལ་རུས་ལྷག་སྐྱེས་པའམ་ཡང་ན་མཇིང་པའི་རྒྱུན་གཏན་གྱི་སྐྱེ་ཁམས་འཁྱོག་ཐིག་ལ་འགྱུར་ལྡོག་སོང་ནས་ཟུག་གཟེར་ལངས་པའམ་ཡང་ན་མཇིང་པའི་དབང་རྩའི་རྩ་གཞུང་དང་། མཇིང་པའི་རྒྱུངས་པ། མཇིང་པའི་རྩ་དམར། རྒྱུངས་རྩ་སོགས་མནན་པ་ལས་ཐོན་པའི་ཕྱོགས་བསྡུས་ཀྱི་ནད་རྟགས་ཤིག་རེད། ནད་དེ་རིགས་ཕོག་ཚབས་ཆུང་ན་མགོ་བོ་དང་། མཇིང་པ། དཔུང་པ་བཅས་ལ་ན་ཟུག་གཏོང་བ་དང་དེ་བཞིན་ལག་པ་སྦྲིད་པའི་ཚོར་སྣང་ཡོང་གི་ཡོད། ཕོག་ཚབས་ཆེ་ན་རྐང་ལག་ལ་ཤུགས་མེད་པ་དང་ཐ་ན་སྐྱག་གཅིན་སོགས་མི་ཚོགས་པ་དང་ཞ་འཁུམ་ཆགས་པ་སོགས་ཀྱི་ནད་རྟགས་ཀྱང་ཐོན་གྱི་ཡོད།

མཇིང་ཚིགས་ནད་ཕོག་རྐྱེན། གཅིག ལྷན་སྐྱེས་རྒྱུ་རྐྱེན་དཔེར་ན། སྐྱེ་དུས་ནས་མཇིང་རྩ་ཕྲ་བ་དང་སྐྱེ་དུས་ནས་མཇིང་པ་ཡ་མ་གཟུགས་ཡིན་པ་སོགས་དང་། གཉིས། ངལ་དུབ་ཆེ་བའི་རྐྱེན་གྱིས་གནོད་སྐྱོན་ཕོག་པ། གསུམ། དོས་དྲག་རང་བཞིན་གྱི་རྨས་སྐྱོན་ཕོག་པ་དང་གཉན་ཚད་རྒྱས་པ་བཅས་རེད།

ནད་རྟགས་མི་འདྲ་བ་གཞིར་བཟུང་མཇིང་ཚིགས་ནད་གཤམ་གསལ་རིགས་བཞིར་དབྱེ་ཆོག་པ་སྟེ།

1.དབང་རྩའི་རྩ་གཞུང་རིགས།

དེ་ནི་དབང་རྩའི་རྩ་གཞུང་མནན་པའི་དབང་གིས་ལག་པ་སྒུལ་མི་ཐུབ་པ་དང་། སྦྲིད་པ། ན་ཟུག་གཏོང་བ། ཤུགས་ཆུང་དུ་འགྲོ་བ། མཇིང་པ་དང་དཔུང་པར་ན་ཟུག་གཏོང་བ་བཅས་རེད།

2.མཇིང་པའི་ཁྲག་རྩའི་རིགས།

དེ་ནི་མཇིང་པའི་ཚིགས་རྩར་ཟུག་གཟེར་རྒྱག་པའམ་ཡང་ན་འཁྱོག་པའི་དབང་གིས་ཀླད་པར་ཁྲག་མི་འདང་བར་ཨམ་ཅོག་ནས་སིང་སྒྲ་སྒྲོག་པ་དང་། མིག་གིས་མཐོང་ལ་མ་མཐོང་བྱེད་པ། མགོ་ཡུ་འཁོར་བ། ཞེ་མེར་ལངས་པ། ཐ་ན་མཚམས་རེ་མགོ་ཡུ་འཁོར་ནས་འགྱེལ་བ་སོགས་རེད།

3.མཇིང་པའི་རིགས།

མཇིང་ཚིགས་མཁར་མཚམས་ཀྱི་ནད་བབ་འགྱུར་ལྡོག་ཕྱིན་པ་དང་རུས་ཚིགས་ཉམས་པ་སོགས་ལས་དབང་རྩའི་རྩ་གཞུང་གི་མཇུག་སྣེར་ཟུག་གཟེར་བརྒྱབ་ནས་མཇིང་པར་ན་ཟུག་གཏོང་བ་དང་། མཇིང་པའི་རྒྱུངས་པ་རེངས་པོར་འགྱུར་བ། མཇིང་པ་སྒུལ་མི་ཐུབ་པ་སོགས་ཡོང་གི་ཡོད།

4.རྒྱུངས་པའི་རིགས།

རྒྱུངས་པ་མནན་པའི་དབང་གིས་རྐང་ལག་བཞི་པོ་སྒུལ་མི་བདེ་བར་འགྱུར་བ་དང་། ཐ་ན་རྩ་འཁུམ་པ་དང་སྦྲིད་པ། ཚབས་ཆེ་བར་ཞ་འཁུམ་ཆགས་ཀྱི་ཡོད།

གཉིས། ཁྱེད་ནི་མཇིང་ཚིགས་ནད་ཕོག་མཁན་ཞིག་ཡིན་ནམ།

1.གཤམ་གསལ་ནད་རྟགས་ལྔའི་ཁྲོད་ནས་གཅིག་ཡོད་ཚེ། མཇིང་ཚིགས་ནད་ཕོག་པ་གཏན་འཁེལ་བྱས་ཆོག

(1)མཇིང་པར་ན་ཟུག་གཏོང་བ། ལག་པས་འོག་ནས་སྒང་ལ་འཕུར་འཕུར་བཏང་ན་ན་ཟུག་ཆུང་དུ་འགྲོ་བ་དང་ཤུགས་ཀྱིས་མནན་ན་ན་ཟུག་ཆེ་རུ་འགྲོ་བའི་རིགས། (མང་ཆེ་བ་ནི་མཇིང་རིགས་ཀྱི་མཇིང་ཚིགས་ནད་ཕོག་པ)

(2)མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག ལག་པ(དཔུང་པ)ཁྱོན་ཡོངས་ནས་ན་ཟུག་གཏོང་བའམ་ཡང་ན་སྦྲིད་པའི་རིགས། (མང་ཆེ་བ་ནི་དབང་རྩའི་རྩ་གཞུང་རིགས་ཀྱི་མཇིང་ཚིགས་ནད་ཕོག་པ)

(3)མིག་བཙུམ་ནས་མཇིང་པ་གཡས་གཡོན་དུ་བསྐོར་སྐབས་མགོ་ན་བའམ་ཡང་ན་མགོ་ཡུ་འཁོར་བའི་རིགས(མང་ཆེ་བ་ནི་མཇིང་པའི་ཁྲག་རྩའི་རིགས་ཀྱི་མཇིང་ཚིགས་ནད་ཕོག་པ)

(4)མཇིང་པར་ན་ཟུག་གཏོང་བ་དང་ཆབས་ཅིག ལག་པའམ་རྐང་པར་ཤུགས་མེད་པ་དང་ན་ཟུག་བཏང་བའི་རིགས། (མང་ཆེ་བ་ནི་རྒྱུངས་པའི་རིགས་ཀྱི་མཇིང་ཚིགས་ནད་དམ་ཡང་ན་མཇིང་རྩ་ཕྲ་བའི་ནད་ཕོག་པ)

(5)མགོ་བོ་སྒུར་སྒུར་བྱེད་སྐབས་ལུས་པོ་ཡོངས་གློ་བུར་དུ་སྦྲིད་པའམ་ཡང་ན་གློག་འཁྱུད་པ་ལྟ་བུའི་ཚོར་སྣང་བྱུང་བའི་རིགས། (མང་ཆེ་བ་ནི་རྒྱུངས་པའི་རིགས་ཀྱི་མཇིང་ཚིགས་ནད་ཕོག་པ་དང་འབྲེལ་མཇིང་ཚིགས་ཕྲ་བའི་ནད་ཀྱང་ཕོག་པ)

2.གཤམ་གསལ་ནད་རྟགས་ཁྲོད་ནས་གཅིག་གཉིས་ཡོད་པའི་རིགས་ལ་མཇིང་ཚིགས་ནད་ཕོག་བཟོ་ཡོད་པ་དང་ནད་རྩད་གསལ་པོ་གཅོད་དགོས་ན་ད་དུང་བརྟག་དཔྱད་སྔར་ལས་ལྷག་པ་བྱེད་དགོས།

(1) མཇིང་པ་གཅིག་པུ་མི་བདེ་བ། མཇིང་པ་ཕྱོགས་གང་དུ་གཅུས་ནའང་མི་བདེ་བའི་ཚོར་སྣང་ཞིག་ཡོད་པ།

(2) བྱུང་རྐྱེན་གང་ཡིན་མིན་མི་ཤེས་པར་ལག་པ་སྦྲིད་པ་དང་ལྷག་པར་དུ་མཛུབ་རྩེར་དེ་བས་མངོན་གསལ་དོད་པ།

(3) མཛུབ་རྩེ་གང་ས་གང་ནས་ན་ཟུག་གཏོང་བ།

(4) ལུས་པོ་ཡོངས་འཆིང་བ་ལྟ་བུའི་ཚོར་སྣང་ཡོད་པ།

(5) ལག་པའི་ནང་གི་ཅ་དངོས་གློ་བུར་དུ་ཟགས་པ།