《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ས་སྲུང་མཐའ་བརྟན་གྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་མཐའ་སྟོབས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་དང་། རང་ལྗོངས་ཀྱི་མཐའ་མཚམས་འཛུགས་སྐྲུན་དང་དོ་དམ་ལས་དོན་ལ་ཞིབ་འཇུག་བྱས་ནས་དུས་རབས་གསར་པའི་བོད་ཀྱི་མཐའ་སྟོབས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སླར་ཡང་བཀོད་སྒྲིག་གནང་བ་རེད།

ཅང་ཅེས། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་དང་འབྲེལ་བ་ཡོད་པ་བཅས་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་གཞིར་བཟུང་ང་ཚོས་མཐའ་མཚམས་སྟོབས་ཆེར་གཏོང་བའི་དོན་ཆེན་དེར་རྒྱུན་མཐུད་དམིགས་ནས་སྤྱི་འདོམས་འཆར་འགོད་དང་། བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། རིགས་དབྱེའི་ཇུས་བསྟར་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆ་ཆ་ཚང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ས་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཐའ་མཚམས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། མཐའ་སྟོབས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མཐའ་སྟོབས་ལས་དོན་གྱི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཐའ་སྟོབས་མཐའ་བརྟན་གྱི་གཙོ་གནད་ལས་དོན་ལ་དམིགས་པ། མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། མཐའ་མཚམས་སྲ་བརྟན་འགན་ལེན་བྱེད་པ། མཐའ་མཚམས་བདེ་འཇགས་ཡོང་བ་བཅས་ཀྱི་གཙོ་རྐང་དེར་དམ་པོར་དམིགས་ནས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། མཐའ་མཚམས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་བཙུགས་ནས་ས་སྲུང་མཐའ་བརྟན་བྱེད་པའི་མང་ཚོགས་ཀྱི་བསམ་བློར་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ས་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲ་བརྟན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མཐའ་མཚམས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།