《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། ཀྲོང་ཡན་དང་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།

ཚེས་20ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། འདི་ནི་ཚོགས་ར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐུལ་སློང་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དག་ཐེར་བླང་བྱ་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་ལ་གཞིགས་པ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱེད་པ། ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་སྒོ་ནས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་དག་ཐེར་ཇུས་གཞི་གསལ་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། དབང་ཧའེ་ཀྲའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་གཟིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། སྐོར་གཟིགས་ལས་དོན་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དང་ལག་བསྟར་འགན་ལེན་ལ་ལྟ་སྐུལ་བྱེད་པ་དང་འཕེལ་རྒྱས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ལ་བརྩིས་ཏེ། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་ཆབས་ཅིག སྐོར་གཟིགས་ལས་དོན་གྱི་ལག་ལེན་གསར་གཏོད་དང་། ལམ་ལུགས་གསར་གཏོད། རིགས་པའི་གཞུང་ལུགས་གསར་གཏོད་བཅས་ལ་སྣེ་ཁྲིད་གནང་བར་བརྟེན། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྲུབ་ནས་དུས་རབས་གསར་པའི་སྐོར་གཟིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་གནང་ཡོད་ལ། རྩ་བའི་གཞི་འཛིན་སའང་མཁོ་འདོན་གནང་ཡོད།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཡོངས་གཉིས”ལ་སྤྱི་འདོམས་དང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་དོན་དངོས་ལ་གཞི་ཚུགས་ཏེ། སྐུ་ངོ་མས་གཏན་འཁེལ་གནང་བའི་ལས་དོན་གལ་ཆེན་ཞིག་དང་ཏང་ཀྲུང་དབྱང་གིས་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པས་བཏོན་པའི་གནད་དོན་དང་གྲོས་འགོ་དག་དངོས་ཐོག་བདེན་འཚོལ་དང་། དོན་དངོས་དང་མཐུན་ལ་ཆ་ཚང་བ། གཏིང་ཟབ་ཅིང་གནད་ལ་འཁེལ་བ། གཙོ་གནད་མངོན་གསལ་དོད་པ། ཀྲུང་དབྱང་གི་དགོངས་དོན་དང་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ། དམིགས་སའི་རང་བཞིན་དང་། ཆབ་སྲིད་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ལྗོངས་ཏང་ཨུད་ཀྱིས་རྦད་དེ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་སྲུང་བརྩི་ཞུ་རྒྱུ་མ་ཟད། ཟོལ་མེད་ངང་དང་ལེན་དང་ཆ་ཚང་རྩིས་ལེན་ཡང་ཞུ་རྒྱུ་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས། དག་ཐེར་དམ་འཛིན་མི་བྱེད་པ་ནི་མི་དམངས་ལ་འགན་མི་འཁུར་བ་དང་། རང་འགན་ཐེག་པ་འཁུར་ལེན་མི་བྱེད་པ། འགན་ཤོར་ལས་འཛོལ་བཅས་ཡིན་པའི་འགན་འཁྲིའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐོར་གཟིགས་དག་ཐེར་དང་ལག་བསྟར་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་། ས་གནས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་སྤེལ་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་དང་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་། ཕྱོགས་ཡོངས་ནས་དག་ཐེར་དང་གཙོ་གནད་དག་ཐེར་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁ་བཤད་ལག་བསྟར་དང་འཛེམས་མེད་དམར་འདོན་བཅས་བྱས་ནས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་ཚང་མ་དམིགས་སར་འབྱོར་བ་དང་། དོན་དག་ཚང་མ་དོན་འཁྱོལ། བྱ་བ་ཚང་མར་ལན་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། རང་འགུལ་ངང་རང་ངོས་ཀྱི་གནད་དོན་དང་ལེན་བྱས་ཏེ་དག་ཐེར་གྱི་དུས་ཚོད་རེའུ་མིག་དང་། ལམ་ཐིག་ས་བཀྲ ལག་བསྟར་ཇུས་གཞི། འགན་འཁུར་བ་བཅས་ཁ་གསལ་བཟོས་ནས་དངོས་འབྲེལ་དང་ལེན་དང་། དངོས་འབྲེལ་བསམ་གཞིག དངོས་འབྲེལ་དག་ཐེར། དངོས་འབྲེལ་འགན་འཁུར་བཅས་བྱེད་དགོས་པ་དང་། གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ལོ་རྒྱུས་དང་རྩོད་སྒྲུབ་ཀྱིས་ཤེས་རྟོགས་དང་ལྟ་སྟངས་འཛིན་པ་ལས། གནད་དོན་ཆེན་པོ་ཡོད་རུང་རྩིས་མེད་གཏོང་བ་དང་སྟབས་བདེའི་ངང“གཅིག་དཔེ་བརྒྱ་འགེབས”བྱེད་མི་རུང་ལ། དོན་དེ་རང་ལ་དམིགས་ནས་ཤོད་པ་དང་ཕྱོགས་རེ་བའི་ངང་དག་ཐེར་དང་ཁྲལ་སེལ་སླ་བཅོས་ངང་དག་ཐེར་བྱེད་མི་རུང་བར་ངེས་པར་དུ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་ཐག་གཅོད་འོས་འཚམ་བྱས་ནས་གནད་དོན་རྙིང་པ་ཐག་གཅོད་མ་བྱས་གོང་གནད་དོན་གསར་པ་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་དག་ཐེར་དེ་རྒྱུན་གཏན་གྱི་ལས་དོན་དང་། སྒྱུར་བཅོས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཚན་ཁག་གི་དཔུང་ཁག་འཛུགས་སྐྱོང་བཅས་དང་མཉམ་འདྲེས་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་ནས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་གྱིས་དག་ཐེར་བྱས་ཏེ་ཕྱོགས་ཡོངས་ནས་དག་ཐེར་དང་བརྒྱུད་རིམ་ལྡན་པའི་ངང་དག་ཐེར་བྱེད་དགོས། རྩ་ལག་མཉམ་བཅོས་ངང་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་འགལ་ཟླ་གཙོ་བོ་དང་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་པ་དང་། འཕྲལ་མར་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་། རྒྱུན་མཐུད་དག་ཐེར་བྱེད་དགོས་པའི་གནད་དོན། ཡོངས་ཁྱབ་རང་བཞིན་དང་། ཐོན་སླ་བའི་རང་བཞིན། ཐོན་མང་བའི་རང་བཞིན་གྱི་གནད་དོན་བཅས་གནད་སྨིན་ངང་ཐག་གཅོད་ཡག་པོ་བྱས་ནས་གཅིག་ཤེས་ཀུན་གྲོལ་དང་། སྒྱུར་བཅོས་ཟབ་གཏོང་། ཞན་ཆ་སེལ་བ། ལམ་སྲོལ་འཐུས་སྒོ་ཚང་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཕན་པ་དངོས་ལ་སྣང་ཆེན་གྱིས་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། མྱུར་ཚད་ལས་སྤུས་ཚད་གལ་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐོར་གཟིགས་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་སྟོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དག་ཐེར་ལ་དམ་འཛིན་བྱེད་དགོས་ཤིང་། སྐོར་གཟིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་གྱི་ནུས་པ་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐོར་གཟིགས་དེ་སྒྲིག་ཁྲིམས་དང་། ལྟ་ཞིབ། མངགས་གཏོང་བཅའ་སྡོད། རྩ་འཛུགས་སོགས་ལྟ་སྐུལ་གྱི་སྤྱི་འདོམས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། སྐོར་གཟིགས་དག་ཐེར་དམ་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་ཕན་འབྲས་གསར་པའི་ཐོག་ནས་སྐོར་གཟིགས་དག་ཐེར་ལས་དོན་ལ་ཞིབ་བཤེར་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་པ། ད་ཐེངས་ཀྱི་སྐོར་གཟིགས་དག་ཐེར་གོ་སྐབས་དང་སྒུལ་ཤུགས་སུ་བྱེད་པ། “སྤྱི་ཡོངས་གཉིས”ཁོང་དུ་ཆུད་པ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་འཆང་བ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོ་དམིགས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ལ་དམ་འཛིན་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན། སྐྱེ་ཁམས་ཁོར་ཡུག་བཟང་པོ་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

(པ་སངས་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)