《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月21日

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

གྲོང་ཁྱེར་དུ་ལས་མིར་ཡོང་མཁན་ཞིང་འབྲོག་པ་དང་དེ་བཞིན་ཕྱི་ནས་ལས་མིར་ཡོང་མཁན་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས། ཉེ་ཆར་འཚོགས་པའི་2021ལོའི་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱས་པས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ལ་གཞིགས་ནས་སྡོད་ཁང་མཁོ་སྤྲོད་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་སྡོད་ཁང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་182.67བཏང་ནས་ལས་བྱེད་ལས་བཟོའི་ལས་ཤག་ཁྲི་3.84འཛུགས་སྐྲུན་དང་། སྤྱི་པའི་བོགས་གཏོང་ཁང་པ་ཁྲི་6.2གསར་སྐྲུན་དང་སྒྱུར་བཀོད། སྡོད་ཁང་སྐྱོ་ཁུལ་སྣ་ཚོགས་ཁྲི་12.94སྒྱུར་བཀོད་བཅས་བྱས་ཡོད། ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མི་ཁྲི་1ལྷག་ཙམ་ལ་སྡོད་ཁང་བོགས་གཏོང་གི་ཁ་གསབ་སྤྲད་པ་དང་། ཁོར་ཡུག་གཙང་སྦྲའི་བཟོ་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། ལས་ཀ་རག་མ་ཐག་པའི་ལས་བཟོ་བཅས་ཀྱི་སྡོད་ཁང་གནད་དོན་གཙོ་གནད་ཐོག་འགན་ལེན་བྱས་པ། གྲོང་ཁྱེར་དུ་ལས་མིར་ཡོང་མཁན་ཞིང་འབྲོག་པ་དང་དེ་བཞིན་ཕྱི་ནས་ལས་མིར་ཡོང་མཁན་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་སྡོད་ཁང་ཐད་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་ཚང་མ་སྤྱིའི་ཆ་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱས་ཡོད།

མིག་སྔར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་33.4ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་གྲུ་བཞི་8.21ཆེ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་མི་རེར་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་41.46ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་གྲུ་བཞི་8.71ཆེ་རུ་ཕྱིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། 2019ལོ་ཚུན་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཁུལ་ཆུང་རྙིང་པའི་སྒྱུར་བཀོད་རྣམ་གྲངས་42ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་ནས་ཁུལ་ཆུང་རྙིང་པའི་ཆུ་མཁོ་འདོན་དང་། འགྲོ་ལམ། གློག་སྒྲོན། སྔོ་འགྱུར། རླངས་འཁོར་འཇོག་ས། མེ་ཟོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཁུལ་ཆུང་རྙིང་པའི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྣུར་སྲིང་ཞབས་ཞུ་ལེགས་སུ་ཕྱིན་ནས་སྤྱི་གསོག་མ་དངུལ་སྤྱོད་ཚད་123%ཟིན་པ་དང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ཚད་71%ཟིན་པ་དེ་དག“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ལས་35.6%དང་28.1%སོ་སོར་འཕར་བས། ཁྱིམ་ཚང་ཁྲི་5.15ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་ལ་བརྟེན་ནས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱུང་ཡོད།

ཞིང་འབྲོག་ཁུལ་གྱི་སྡོད་ཁང་སྤུས་ཚད་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་རིམ་ཁག་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.35དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་གཙོ་གནད་རོགས་སྐྱོར་བྱ་ཡུལ་རིགས་4ཡི་ཉེན་ཡོད་སྡོད་ཁང་ཁྲི་4.36སྒྱུར་བཀོད་བྱས་པ་དང་། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་16.4ཡི་སྡོད་ཁང་བདེ་འཇགས་ཡོད་མེད་ལ་བསྐྱར་དུ་ཞིབ་བཤེར་བྱས་པ། སྒོར་དུང་ཕྱུར་6.27བཀོད་སྒྲིག་བྱས་ནས་རང་ལྗོངས་སུ་གཙོ་གནད་རོགས་སྐྱོར་བྱ་ཡུལ་རིགས་4གསར་དུ་བསྣན་པ་དང་ད་དུང་ས་ཡོམ་ཁྲོད་གས་སྐྱོན་ཆེ་བའི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ལ་སྒྱུར་བཀོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་བྱེད་རོགས་བྱས་པ། མཐོ་གྲང་དང་ས་བབ་མཐོ་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་མགྱོགས་མྱུར་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་56.52བཏང་ནས་སེང་གེ་ཁ་འབབ་གྲོང་རྡལ་དང་། སྣ་དཀར་རྩེ་རྫོང་། ཨ་མདོ་རྫོང་། མཚོ་གཉིས་རྫོང་སོགས་ས་བབ་སྨི་4000ཡན་གྱི་རྫོང་གྲོང་དང་། དེ་བཞིན་མཐོ་གྲང་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་84ཡི་སྒོ་ར་ཆེན་པོར་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་ལག་བསྟར་བྱས་པ་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་ཆེད། ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་42བཏང་ནས་ལྷ་ས་གྲོང་ཁྱེར་རྔ་ཆེན་ཆུ་མཁོ་འདོན་བཟོ་གྲྭ་སོགས་9བསྐྲུན་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ལ་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་94.75%ཟིན་པ་དང་། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ལ་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་87.63%ཟིན་པ་དེ་དག“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་9.75དང་32.63སོ་སོར་མཐོ་རུ་ཕྱིན་ཡོད་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་བཙོག་ཆུ་གཙང་གསིང་བྱེད་ནུས་ཆེ་རུ་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་36.57བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་71དང་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་སྒྲིག་ཆས་122བསྐྲུན་པ་རེད། མིག་སྔར་ལྗོངས་ཡོངས་སུ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་ཐུབ་ཚད་94.94ཟིན་པ་དང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཙོག་ཆུ་གཙང་གསིང་ཐུབ་ཚད་75.4%ཟིན་པ་དེ་དག“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་44.94%དང་29.92%སོ་སོར་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་ཐུབ་ཚད་98.34%ཟིན་པ་དང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་ཚད་96.76%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་7.01%དང་16.76%སོ་སོར་མཐོ་རུ་ཕྱིན་ཡོད།

“2021ལོར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་རྒྱག་པ་དང་། སྡོད་ཁང་འཕེལ་རྒྱས་གཏོང་བར་དམིགས་ནས་སྡོད་ཁང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་པ། གྲོང་གསེབ་དར་རྒྱས་གཏོང་བར་དམིགས་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་ལ་ཤུགས་རྒྱག་པ། ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུར་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་རྒྱག་པ། སྒྱུར་བཅོས་གསར་གཏོད་ལ་དམིགས་ནས་ཁྲོམ་རའི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་རྒྱུར་ཤུགས་རྒྱག་པ། ཏང་འཛུགས་སྐྱོང་ལ་དམིགས་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་རྒྱུར་ཤུགས་རྒྱག་པ་བཅས་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་སྐལ་བཟང་གིས་བརྗོད།