《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月20日

ལག་ཤེས་ཆུང་ངུར་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་སྒོ་མོ་ཕྱེ་བ།

—— མཛོ་སྒང་རྫོང་རི་ཤོད་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཚེ་རིང་གི་དབུལ་སྒྲོལ་གཏམ་རྒྱུད་སྐོར་བཀོད་པ།

བཀྲ་ཤིས་ཚེ་རིང་གི་ཁྱིམ་ཚང་ནི་མཛོ་སྒང་རྫོང་སྨད་ཡུལ་ཤང་རི་ཤོད་གྲོང་ཚོར་ཡོད་པ་དང་། ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་རེད། ཁྱིམ་ཚང་དབུལ་པོ་ཡིན་རྐྱེན། 2015ལོར་སྲིད་གཞུང་གིས་ཞིབ་བཤེར་དང་དཔྱད་ཞིབ་བྱས་པ་བརྒྱུད། བཀྲ་ཤིས་ཚེ་རིང་གི་ཁྱིམ་ཚང་སྨད་ཡུལ་ཤང་རི་ཤོད་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད།

དབུལ་པོའི་གནས་ལས་སྒྲོལ་ཆེད། ཁོང་གིས་ཐབས་ཤེས་སྣ་ཚོགས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་འཚོ་བར་འགྱུར་ལྡོག་གཏོང་བ་དང་། རང་ཉིད་ལ་བརྟེན་ནས་དབུལ་ཞྭ་འབུད་ཐུབ་པའི་བརྩོན་ལེན་བྱས།

2016ལོར་བཀྲ་ཤིས་ཚེ་རིང་དབུལ་སྒྲོལ་གྱི་འདུན་པ་ཡོད་པའི་དུད་ཚང་དབུལ་པོ་གཞན་དག་དང་མཉམ་དུ་མཛོ་སྒང་རྫོང་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་གྱིས་སྒྲིག་འཛུགས་བྱས་པའི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་ལ་ཞུགས། གསོ་སྦྱོང་སྐབས་སུ་རིགས་གཅིག་མཁས་ཅན་གྱིས་ཁོ་ཚོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྩལ་ནུས་མང་པོ་བསླབས་ཏེ། དབུལ་སྒྲོལ་ཕྱུག་འགྱུར་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་པ་རེད།

རིགས་གཅིག་མཁས་ཅན་གྱིས་སྦག་སྦག་ཉམས་བཟོ་དང་ཚ་ལ་རྒྱག་སྟངས་སོགས་ཀྱི་ཉེར་སྤྱོད་ལག་རྩལ་སློབ་སྐབས། བཀྲ་ཤིས་ཚེ་རིང་གིས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་ཁོ་པའི་བསམ་ཚུལ་ཤེས་རྗེས། ཁོ་པར་ཆེད་མངགས་ལག་རྩལ་གསོ་སྦྱོང་དང་མཛུབ་ཁྲིད་བྱས། ཟླ་བ་གཅིག་ལྷག་ཙམ་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། བཀྲ་ཤིས་ཚེ་རིང་གིས་སྦག་སྦག་ཉམས་བཟོ་བྱེད་སྟངས་དང་ཚ་ལ་རྒྱག་སྟངས་ཁོང་དུ་ཆུད་པ་རེད།

སྲིད་གཞུང་གིས་རང་རྟེན་དབུལ་སྒྲོལ་ལ་སྐུལ་ལྕག་བྱས་ཏེ། རང་རྟེན་དབུལ་སྒྲོལ་ལ་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་བཏོན་ཞིང་། བཀྲ་ཤིས་ཚེ་རིང་གིས་སྲིད་གཞུང་གི་རོགས་སྐྱོར་དང་དངུལ་ཁང་གི་འབོར་ཉུང་དངུལ་བུན་ལ་བརྟེན་ནས། 2016ལོའི་ཟླ་11པར་རི་ཤོད་གྲོང་ཚོར་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས་པ་དང་། “ཏང་དང་སྲིད་གཞུང་གིས་ང་ཚོར་གོ་སྐབས་ཡག་པོ་དེ་འདྲ་ཞིག་གནང་བས། ངས་ལས་ཀ་ཧུར་ཐག་བྱས་ཏེ་ངེས་པར་དུ་དབུལ་ཞྭ་འབུད་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

ཉམས་བཟོ་ཁང་བཙུགས་ནས་ལོ་གཉིས་སོང་རྗེས། བཀྲ་ཤིས་ཚེ་རིང་ཁྱིམ་གྱི་དཔལ་འབྱོར་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གནད་སྨིན་དབུལ་སྒྲོལ་ཐུབ་པ་དང་ལྟོ་གོས་ལ་སེམས་ཁྲལ་མེད་པ་མ་ཟད། ད་དུང་བཅོལ་དངུལ་སྒོར་ཁྲི་3ལྷག་ཙམ་ཡོད། ཁོ་པས“རང་ཉིད་ལ་ཕྱུག་འགྱུར་ཐབས་ལམ་རྙེད་པས་གྲོང་ཚོ་ཨུ་ལྷན་ལ་རེ་ཞུ་ཕུལ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ནས་འཐེན་རྩིས་ཡོད”ཅེས་སྤོབས་པ་ཆེན་པོས་བརྗོད།