《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月20日

འབད་འཐབ་དངོས་སྒྲུབ་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པ།

རྡོ་ལུང་སྒང་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་མེ་ཏོག་རྫོང་དགུ་ཐང་ཤང་དུ་གནས་ཤིང་། རྒྱལ་ལམ་219ཡི་ལམ་ཐིགས་གསར་པའི་ཉེ་འགྲམ་དུ་ཡོད་པ་དང་དེ་ནི་2016ལོར་བཙུགས་མ་ཐག་པའི་གྲོང་ཚོ་གསར་པ་ཞིག་རེད། “དེ་སྔོན་གྲོང་ཚོའི་ནང་གི་གཞོན་ནུ་ཚོས་སྐྱེལ་འདྲེན་རླངས་འཁོར་དང་ལྡུག་འཁོར་སོཌ་སྦྱངས་པས་ངས་ལག་རྩལ་ཤེས་རྗེས་དངུལ་བུན་གཡར་ནས་ལྡུག་འཁོར་དང་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཉོས་པ་ཡིན”སྐལ་བཟང་ཉི་མས་འཛུམ་དམུལ་དམུལ་ངང་ད་ཆ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་འདུག་ཅེས་བཤད།

སྐལ་བཟང་ཉི་མའི་བཟའ་ཟླ་སྒྲོལ་མས་ཀྱང་ལས་མེད་དུ་མི་སྡོད་པར་མི་རིང་བའི་གོང་མ་བྱན་གསོ་སྦྱོང་ནང་མིང་ཐོ་བཀོད་པ་དང་ཁོང་གིས“རྒྱལ་ལམ་219ཡི་ལམ་ཐིག་ཧྲིལ་པོ་ཏལ་འབིགས་ཐུབ་རྗེས་ཡུལ་སྐོར་བ་དེ་བས་མང་པོ་སླེབས་སྲིད་པས་དེ་དུས་ཟ་ཁང་ཞིག་བཙུགས་འདོད་ཡོད”ཅེས་བཤད།

2019ལོར་སྐལ་བཟང་ཉི་མའི་ཁྱིམ་དབུལ་སྒྲོལ་ཐུབ་མོད། འོན་ཀྱང་ནང་མི་ཚོས་བློ་ཡིད་ཚིམ་ནས་མ་བསྡད་པར་སྔར་ལས་ཀྱང་འབད་འཐབ་བྱེད་ཀྱི་ཡོད། “གྲོང་ཚོས་ད་དུང་ཇ་ལོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ལ་འབྱུང་འགྱུར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་ཡིན་པས་ང་ཚོས་ཀྱང་སྔ་སྣུར་ནས་གྲ་སྒྲིག་བྱས་ཚེ་གོ་སྐབས་ཡག་པོ་དེ་དག་དམ་འཛིན་བྱེད་ཐུབ”ཅེས་སྐལ་བཟང་ཉི་མས་བཤད།

ལོ་མང་པོའི་གོང་དུ་གསར་འགོད་པ་སྐལ་བཟང་ཉི་མའི་ཕ་ཡུལ་སྒང་ཡུལ་གྲོང་ཚོར་སླེབས་མྱོང་ཡོད་ཅིང་། གྲོང་ཚོ་དེ་རི་སྐེད་དུ་གནས་པ་དང་། འགྲོ་ལམ་འབར་འབུར་ཡིན་ཅིང་ཁང་པ་ནི་ཐོག་ཁ་ལྕགས་ཤོག་བཀབ་པའི་ཤིང་ཁང་རེད། སྐབས་དེ་དུས་གྲོང་ཚོའི་ནང་གི་སྐལ་བཟང་ཉི་མ་དང་ན་ཚོད་མཉམ་པའི་གཞོན་ནུ་ཁ་ཤས་ལ་སེམས་ཤུགས་ཆེན་པོ་མེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

རྡོ་ལུང་སྒང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཀྲང་ཝེས། 2019ལོར་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་རྗེས་གྲོང་མིའི་སེམས་ཤུགས་དེ་སྔ་དང་གཏན་ནས་མི་འདྲ་བར“སྐལ་བཟང་ཉི་མ་ལྟ་བུའི་འབད་འཐབ་ཆེ་བའི་གཞོན་ནུ་ཇེ་མང་ནས་ཇེ་མང་དུ་སོང་སྟེ་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་ལས་སླ་པོར་ཐོབ་པ་མིན་པའི་འཚོ་བ་ཡག་པོར་གཅེས་སྤྲས་བྱེད་ཀྱི་འདུག”ཅེས་བཤད།

“གྲོང་ཚོ་དང་སྡོད་ཁང་གསར་པ་དང་། འཚོ་བ་དང་ཐོན་ལས་གསར་པ་ཡོད་པས་ཡུལ་མི་ཚོའི་སེམས་པ་དྲོ་སོབ་སོབ་དུ་གྱུར་ཡོད”“བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་དགོས”ཞེས་སྐལ་བཟང་ཉི་མས་བཤད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)