《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月20日

ལོའི་ཐོན་འབབ་ཏུན་ཁྲི་བདུན་ཅུ་དོན་བདུན་ཟིན་པ།

བོད་དུ་སྔོ་ཚལ་དང་སྒོ་ང་འདང་ངེས་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ལོ་59ལ་སླེབས་པའི་ལྷ་སའི་གྲོང་མི་ངག་དབང་ནོར་བུས་ལག་གཡས་པས་འགྱིག་ཁུག་ཅིག་ཁྱེར་ནས་ལྕགས་པོ་རིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་ནས་ཕྱིར་ཐོན་ཡོང་གི་འདུག གསར་འགོད་པས་ཁོང་གི་གམ་དུ་བཅར་ནས་ཁྱེད་རང་གིས་ཅི་ཞིག་ཉོས་པ་ཡིན་ཞེས་དྲིས་པས། ཁོང་གིས་འགྱིག་ཁུག་ཡར་བཏེགས་ནས“ཀྲོ་མ་ཀྲུ་དང་། སྒོ་ང་། ཇིན་ཚལ་བཅས་ཉོས་པ་ཡིན”ཞེས་ལན་བཏབ་བྱུང་།

ལྕགས་པོ་རིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་ཕོ་བྲང་པོ་ཏ་ལའི་ནུབ་ངོས་སུ་གནས་ཤིང་། ཚོང་དུད་300ལྷག་ཙམ་ཡོད་པ་མ་ཟད། ཚོང་ཁང་དང་ཁྲོམ་བཀྱག་ཀྱང་600ལྷག་ཙམ་ཟིན་པས། ལྷ་སའི་གྲོང་མིའི་ཤ་ཚལ་སྒོང་གསུམ་ཉོ་ས་གཙོ་བོའི་གྲས་ཤིག་རེད། ཁྲོམ་ར་དེ་ནས“ཉིན་གཅིག་ལ་སྔོ་ཚལ་ཏུན་7དང་། སྒོ་ང་ཏུན་1.5 ཉ་རིགས་ཏུན་13ལྷག་ཙམ་འཚོང་གི་ཡོད”ཅེས་ལྕགས་པོ་རིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་རའི་འགན་ཁུར་བ་མཱ་ཤིན་གྱིས་བཤད་བྱུང་། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གྲངས་གཞི་གསར་ཤོས་ལས་མངོན་གསལ། བོད་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་38.75ཟིན་པ་དང་ལོའི་ཐོན་འབབ་ཏུན་ཁྲི་77.19ཟིན་ཡོད། དབྱར་སྟོན་རིང་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་སྔོ་ཚལ་རང་ཁ་རང་གསོ་ཐུབ་ཚད་85%ཟིན་པ་དང་། དགུན་དཔྱིད་རིང་རང་ཁ་རང་གསོ་ཐུབ་ཚད་65%ཟིན་གྱི་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཅན་པིང་གིས“ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཁར། ལྗོངས་ཕྱི་ནས་དབོར་ཡོང་བ་བསྡོམས་ན་བོད་ཀྱི་གྲོང་མིའི་སྔོ་ཚལ་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་ཀྱི་ཡོད”ཅེས་བཤད་བྱུང་།

གྲོང་མིའི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱིས“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་དམངས་འཚོ་ལེགས་གཏོང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས“ཤ་ཚལ་སྒོང་གསུམ”གྱི་འདུ་འགོད་རིམ་ཁག་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་ཀྱི་ནང་དོན་ནང་བཅུག་པ་མ་ཟད། “ཤ་ཚལ་སྒོང་གསུམ”གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་ཀྱང་ལག་བསྟར་བྱས་ནས། སྔོ་ཚལ་གཙོ་བོར་བྱེད་པའི“ཤ་ཚལ་སྒོང་གསུམ”ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད།

“ང་ཚོས་གནམ་གཤིས་དང་ས་རྒྱུའི་ཁྱད་ཆོས་ལ་གཞིགས་ནས་སྒྲིག་བཀོད་ཞིང་ལས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཆབས་ཅིག མཐོ་གྲང་ས་ཁུལ་གྱི་འདེབས་འཛུགས་ལག་རྩལ་ཞིབ་འཇུག་བྱེད་པ་དང་ཀེའུ་ཚོད་དང་། ཇིན་ཚལ། ཐུང་ཧའོ་སོགས་ཀྱི་ཚལ་རིགས་ནང་འདྲེན་བྱས་པས། ལྗོངས་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་དབྱང་ཅན་པིང་གིས་ངོ་སྤྲོད་བྱས། བོད་ཀྱིས་ད་དུང་བོད་བྱ་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་བོད་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་བཏང་བས་2019ལོར་བོད་ཀྱི་སྒོ་ངའི་ཐོན་འབབ་ཏུན་5366.44ཟིན་ཡོད་པ་རེད།

ད་ཆ་སྔོ་ཚལ་དང་སྒོ་ང་སོགས་མཁོ་སྤྲོད་འདང་ངེས་ཡོད། དུས་ཚིགས་གང་རུང་ཡིན་ཡང་བོད་ཀྱི་གྲོང་མིའི་ཁྱིམ་དུ་ཞོ་དང་ཚགས་ཤ་སོགས་བོད་ཀྱི་ཁྱད་ལྡན་བཟའ་བཅའ་ཟ་རྒྱུ་ཡོད་པ་མ་ཟད། ད་དུང་སྔོ་ཚལ་སོས་པ་དང་སྒོ་ང་ཡང་ཟ་རྒྱུ་ཡོད་པ་རེད།

(ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)