《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

བློ་བདེ་བའི་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་ཡོང་བའི་འགན་ལེན་བྱས་པ།

ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག རྒྱལ་ཁབ་སྤྱི་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་དགོས་མཁོར་གཞོགས་འདེགས་བྱ་ཆེད། རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གིས་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུའི་གདམ་ག་བྱས་ཡོད། ས་ཆ་དེ་རང་དུ་ལོ་གསར་གཏོང་བར་ཁྲོམ་རའི་དངོས་ཟོག་མཁོ་སྤྲོད་གང་འདྲ་ཡོད་མེད་དང་། ལོ་གསར་མཁོ་ཆས་ཀྱི་ཁྲོམ་རའི་ཟོག་གོང་གང་འདྲ་ཡོད་མེད། བཟའ་བཅའི་བདེ་འཇགས་འགན་ལེན་གང་འདྲ་ཡོད་མེད་བཅས་ཤེས་རྟོགས་བྱ་ཆེད་གསར་འགོད་པས་ལྷ་སའི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་བཅར་འདྲིར་བསྐྱོད་པ་ཡིན།

དགོང་མོའི་ཆུ་ཚོད་དགུ་པར་ཝན་ཏ་ཐང་ཆེན་དུ་སྐྱོད་སྐབས། ཁྲོམ་གཞུང་གི་བཏུང་བྱ་ཚོང་ཁང་དང་། ཟ་ཁང་ཆུང་གྲས། ཁ་ཏོག་ཚོང་ཁང་བཅས་སུ་སྔར་བཞིན་སྐུ་མགྲོན་མང་པོ་ཡོང་གི་ཡོད། ཐང་ཆེན་ནང་ལྒང་བཞུ་དམར་པོས་བརྒྱན་པ་མ་ཟད། ད་དུང་LEDལ་བརྟེན་ནས“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་པའི་ཡི་གེ་ཆེན་པོ་བཀོད་སྒྲིག་བྱས་ཡོད་པ་ལས་མཚན་མོ་གཞན་དང་མི་འདྲ་བའི་བཀྲག་མདངས་འཚེར་བ་ཞིག་འདུག

ལྷ་ས་བརྒྱ་ཟོག་ཚོང་ཁང་དང་ཧྲན་ལི་དུས་རབས་ཐང་ཆེན་སོགས་ཚོང་ར་ཆེ་གྲས་སུ་སྐྱོད་སྐབས། ཚོང་རའི་སྒོ་ཁར་ཆེད་མངགས་ཚ་བ་ལྟ་མཁན་ཡོད་པ་མ་ཟད། ད་དུང་རྒྱང་བསྒྲགས་ནས་ཚང་མར་ཁ་རས་ཡག་པོ་རྒྱག་རྒྱུའི་དྲན་སྐུལ་བྱས་ཏེ་རིམས་ནད་རིང་སྤྲོ་སྣང་དང་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།

སྒོ་རྩིས་ཚོང་ཁང་དུ་ཤིང་འབྲས་འདེམས་ཉོ་བྱེད་བཞིན་པའི་མཁྱེན་ལྡན་མ་ལི་ལགས་ཀྱིས། ང་རང་ལས་ཀར་ཞུགས་ནས་དུས་ཡུན་རིང་པོ་སོང་མེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱ་ཆེད་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་དོར་ཏེ་ལྷ་སར་གྲོགས་པོ་གྲོགས་མོ་དང་ལས་རོགས་ཚོ་དང་མཉམ་དུ་ལོ་གསར་གཏོང་རྒྱུའི་གདམ་ག་བྱས་པ་ཡིན་ཞེས་གསར་འགོད་པར་བཤད། ཁོང་གིས“ཚོང་ཁང་ནང་དུ་ཤིང་འབྲས་སྣ་ཁ་ཧ་ཅང་འཛོམས་པོ་འདུག ཁྲེ་ལི་ཙི་དང་། འབྲི་ཏ་ས་འཛིན། ཚ་ལུ་མ་ཆུང་ཆུང་སོགས་འདུག ཚ་ལུ་མ་ཁོ་ནར་རིགས་བཞི་ཙམ་འདུག ལོ་གསར་མཁོ་ཆས་སྣ་ཁ་འཛོམས་པས་མིག་ཀྱང་འཁྲུལ་གྲབས་བྱེད་ཀྱི་འདུག”ཅེས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།

“རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས། སྲིད་གཞུང་གིས་ཚང་མ་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུའི་འབོད་སྐུལ་བྱས་པ་དང་། དེའི་ཁར་2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་ཉིན་མ་གཅིག་ལ་འཁེལ་ཡོད། དེར་རྟེན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་སྐོང་ཆེད། ང་ཚོས་ཟོག་ཁུངས་ཐབས་ལམ་དང་། འཕྲལ་སྡོམ་ལམ་ལུགས། གྲབས་གསོག་ཟས་རིགས་མཁོ་སྤྲོད་སོགས་ལ་བྱ་ཐབས་བཟང་པོ་སྤྱད་པ་དང་། ལྷག་པར་དུ་ཐག་རིང་ལུང་ཁག་ས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ལ་གཞིགས་ནས། ང་ཚོས་སྔ་ས་ནས་བཀོད་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་གནས་ཚུལ་འོག་དུས་ཆེན་གྱི་འཚོ་བའི་མཁོ་ཆས་ཁྲོམ་རར་མཁོ་སྤྲོད་བྱེད་པའི་ལས་དོན་ཧུར་ཐག་ངང་ཡག་པོ་བསྒྲུབས་ཡོད”ཅེས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཁྲོམ་ར་འཁོར་སྐྱོད་དང་འཛད་སྤྱོད་སྐུལ་འདེད་ཁྲུའི་ཁྲུའུ་ཁྲང་གཞོན་པ་ལི་མེ་ཡིས་གསར་འགོད་པར་དེ་ལྟར་བཤད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་ཀྱི་ཐབས་ལམ་ཡངས་བ་དང་སྔོ་ཚལ་དང་ཤ་རིགས་མཁོ་སྤྲོད་འདང་ངེས་ཡོད་པ་རེད། སྔོ་ཚལ་མཛོད་ཉར་བྱེད་ཚད་ཏུན་1000ཡོད་པ་དང་། ཉིན་ལྟར་ཚོང་ཟོག་འདྲེན་ཚད་ཏུན་150ཙམ་ཟིན་གྱི་ཡོད་པས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད། ཤ་རིགས་གཉེར་སྐྱོང་ཁེ་ལས་ཆེ་གྲས་ཀྱིས་འཁྱག་ཤ་མཛོད་ཉར་བྱེད་ཚད་ཏུན་2300ལྷག་ཙམ་དང་འཁྱག་བཏང་བའི་ཕག་ཤ་མཛོད་ཉར་བྱེད་ཚད་ཏུན་1000ལྷག་ཙམ་ཟིན་གྱི་ཡོད་པས་ལྗོངས་ཡོངས་ཀྱི་ཉིན་12རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་ཐུབ་ཀྱི་ཡོད་པ་རེད།

ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོས་ནས་བདེ་འཇགས་དོན་རྐྱེན་ཆེ་གྲས་མ་ཐོན་སྔོན་འགོག་བྱ་ཆེད། “དུས་ཆེན་གཉིས”རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དེ་བཞིན་ཁྲོམ་རའི་བདེ་འཇགས་ལྟ་སྡོམ་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་གསུམ་ཁྲོམ་ར་ལྟ་སྡོམ་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་དུས་ཆེན་རིང་ཁྲོམ་རར་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)