《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་8ཉིན་གནས་ཚུལ་འབྱོར་གསལ། 《མི་དམངས་མང་ཚོགས་ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོའི》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་བདེ་འཇགས་དང་བཀྲ་ཤིས་པའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐུབ་པའི་འགན་ལེན་བཅས་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། བརྡ་ཐོའི་ནང་དོན་ཞིབ་ཕྲ་གཤམ་གསལ་ཏེ།

གཅིག ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《བརྡ་ཐོའི》དགོངས་དོན་ལག་བསྟར་ནན་པོ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། མི་དམངས་མང་ཚོགས་ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱི་མི་སྣས་སྣེ་ཁྲིད་དེ་ས་ཆ་དེ་རང་དུ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཕར་འགྲོ་ཚུར་འོང་ཉུང་ཙམ་དང་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུའི་ཁྲིད་སྟོན་བྱེད་པ། དགོས་པ་མེད་ན་ཕྱིར་མི་སྐྱོད་པ། གལ་ཏེ་ཕྱིར་སྐྱོད་དགོས་ན་ཉེན་ཁ་ཆེ་འབྲིང་ཁུལ་དུ་མི་སྐྱོད་པ་བཅས་བྱེད་དགོས་པ་དང་། ཕྱི་ཕྱོགས་ཀྱི་ལས་མིར་བོད་ནས་ཁ་མི་བྲལ་བ་དང་། རྒྱལ་མཚམས་མི་སྒྲོལ་བ། ཉེན་ཁ་ཆེ་འབྲིང་ཁུལ་དུ་མི་སྐྱོད་པ་བཅས་བྱ་རྒྱུར་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱེད་དགོས།

གཉིས། སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དགུན་དུས་དང་དཔྱིད་དུས་གཉིས་རིང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྤེལ་རྒྱུ་ཚོད་འཛིན་ནན་པོ་བྱས་ཏེ་རིག་རྩལ་འཁྲབ་སྟོན་དང་། ལུས་རྩལ་འགྲན་བསྡུར། འགྲེམས་སྟོན་འགྲེམས་ཚོང་། ཆོས་ལུགས་ཀྱི་བྱེད་སྒོ་སོགས་མི་སྣ་འདུ་འཛོམས་ཆེ་བའི་བྱེད་སྒོ་ཆེ་གྲས་སྤེལ་རྒྱུར་ཞིབ་མཆན་འགོད་པ་དང་ལྟ་འདོམས་ནན་པོ་བྱེད་དགོས། མངའ་ཁོངས་ཕྱི་ནས་བོད་དུ་ཡོང་མཁན་མི་སྣའི་བདེ་ཐང་དོ་དམ་དོན་འཁྱོལ་ནན་པོ་བྱས་ནས་གཏོགས་ཁོངས་དོ་དམ་དོན་ཐོག་ཏུ་འཁྱོལ་བ་དང་། ལོགས་འཇོག་གསོ་རིག་ལྟ་ཞིབ་དོན་ཐོག་ཏུ་འཁྱོལ་བ། ཉིང་སྐྱུར་བརྟག་དཔྱད་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། ཉེན་ཁ་ཆེ་འབྲིང་ཁུལ་ནས་བོད་དུ་ཡོང་མཁན་མི་སྣའི་བདེ་ཐང་དོ་དམ་ལས་དོན་གནད་སྨིན་ངང་ཡག་པོ་བསྒྲུབས་ཏེ། གྲངས་གཞིའི་ཆ་འཕྲིན་ཚོད་འཛིན་དང་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཚོད་འཛིན་དོན་འཁྱོལ་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ཞིབ་བཤེར་དང་བདའ་འདེད་ཐུབ་པར་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ནང་འདྲེན་དངོས་ཟོག(གྲང་ཕྲེང་བཟའ་བཅའ་ཚུད་པ)དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཟོག་འབོར་མང་དུ་འགྲོ་བར་ཚོད་འཛིན་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉིང་སྐྱུར་བརྟག་དཔྱད“བརྟག་དཔྱད་བྱེད་དགོས་རིགས་ཚང་མ་བརྟག་དཔྱད་བྱེད་པ”དང་སྔོན་འགོག་རང་བཞིན་གྱི་སྒོ་ནས་ཕྱོགས་ཡོངས་ནས་དུག་སེལ་བྱེད་དགོས། མཐའ་མཚམས་ཀྱི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། ལྐོག་འཛུལ་ལྐོག་དོན་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་མ་ཐོན་སྔོན་འགོག་ནན་པོ་བྱེད་དགོས། ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཐད་ཀྱི་མང་ཚོགས་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དོ་ཁུར་ཆེན་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་རྒྱག་དགོས་པ་དང་། སྲིད་ཇུས་ལག་བསྟར་བྱེད་རིང་། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་རང་དགར་ལམ་ལུགས་གསར་བཟོ་བྱ་མི་རུང་ལ་དེ་བས་གནོན་ཤུགས་སྤྲད་མི་རུང་།

གསུམ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། རྒྱ་ཆེའི་མང་ཚོགས་ལ་དུས་ཆེན་རིང་ཚན་རིག་དང་མཐུན་པའི་ངང་ཁ་རས་མཐའ་འཁྱོངས་རྒྱབ་པ་དང་། མི་ཕན་ཚུན་དབར་བར་ཐག་འཇོག་པ་དང་། ལག་པ་ཡང་སེ་འཁྲུ་བ། རླུང་འགྲོ་ཡང་སེ་བྱེད་པ་སོགས་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཁོངས་དོ་དམ་ཚོད་འཛིན་གྱི་ལམ་ལུགས་སྣ་ཚོགས་ལ་སྲུང་བརྩི་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས། གལ་ཏེ་དོགས་ཡོད་ནད་གཞི་ཐོན་ཚེ་སྤྱི་པའི་འདུ་གནས་སུ་མི་འགྲོ་བ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་མི་སྡོད་པ། ན་དུས་ངལ་གསོ་ཡག་པོ་རྒྱག་པ་བཅས་བྱེད་དགོས་པ་མ་ཟད། ད་དུང་དུས་ཐོག་ཏུ་ཐོ་འགོད་སྙན་སེང་ཞུ་བ་དང་བརྟག་དཔྱད་ཀྱང་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་གྱིས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་བཏོན་ཏེ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨན་སྦྱོར་གང་ལེགས་སྤྱད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དྲང་ཕྱོགས་ནས་དྲིལ་བསྒྲགས་དང་། ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་དགོས་ངེས་ཀྱི་ལས་བྱེད་ལས་བཟོ་ཚོས་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་སྲུང་བརྩི་ནན་པོ་ཞུས་ཏེ་ས་གནས་དེ་གའི་རིམས་འགོག་ལས་དོན་ལ་གཞོགས་འདེགས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྤྱི་དམངས་ལ་དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ། ཆ་འཕྲིན་རྫུས་མ་བརྒྱུད་བསྒྲགས་མི་བྱེད་པ་བཅས་བྱེད་པའི་ཁྲིད་སྟོན་བྱས་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད་དྲང་ནུས་ཆེན་པོ་ཆགས་པར་བྱེད་དགོས།

བཞི། འགན་འཁྲི་ཏན་ཏིག་སྒྲུབ་དགོས། འགོ་ཁྲིད་ཀྱི་ལམ་སྲོལ་མི་འགྱུར་བ་དང་། སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་མི་ཉམས་པ། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་ལྷོད་གཡེང་མི་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཁོངས་གཏོགས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། འགན་འཁུར་བློ་མཐུན་གཙོ་བོ་ངོ་མས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྐོར་སྐད་ཆ་འདྲི་བ་དང་བཀོད་སྒྲིག རྩ་འཛུགས་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན། བྱེད་ཐབས་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས།

ལྔ། འཚོ་བའི་དངོས་ཟོག་འགན་ལེན་དང་དེ་བཞིན་དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། རིམ་པ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཟོག་གོང་སྤོར་བ་དང་འབེལ་ཉོ་དཀོན་འཚོང་སོགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་འདང་ངེས་མཁོ་སྤྲོད་དང་ཟོག་གོང་བརྟན་པོ་འགན་ལེན་བྱེད་དགོས། དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་དྲ་ཐོག་གི་རིག་གནས་རོལ་རྩེད་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་པ་དང་མང་ཚོགས་འདུ་འཛོམས་བྱེད་མི་དགོས་པར་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་ལྟ་ཐུབ་པ་དང་དེར་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། བརྙན་འཕྲིན་དང་དྲ་ཐོག་ནས་ལོ་གསར་གྱི་འཚམས་འདྲི་ཞུ་བ། དྲ་བའི་སྟེགས་བུ་སྤྱད་དེ་དུས་ཆེན་གྱི་རྣམ་པ་དང་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་བཅས་བྱེད་དགོས། ངལ་རྩོལ་འགན་སྲུང་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གིས“དུས་ཆེན་གཉིས”གོང་ཞིང་པ་ལས་མི་ཚོར་གླ་ཆ་གྲངས་ཚང་ལེན་ཐུབ་པའི་འགན་ལེན་བྱེད་དགོས། དམངས་འཚོའི་རྣམ་གྲངས་ཀྱི་ལས་ཡུལ་ཁག་གིས“དུས་ཆེན་གཉིས”རིང་ལས་ཡུལ་དུ་ལས་གནས་བརྟན་སྲུང་བྱེད་མཁན་ཞིང་པ་ལས་མིར་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་བདེ་ཐང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། ལས་གནས་བརྟན་པོ་དང་ལས་མི་ཡོད་པར་སྐུལ་འདེད་གཏོང་དགོས།

དྲུག འཕྲལ་སྡོམ་སྡོད་བྱའི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་དང་དགུན་དཔྱིད་གཉིས་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། “དུས་བདེ”དང“དམག་འཐབ”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ལྷོད་གཡེང་གི་བསམ་བློ་ཁྱད་དུ་བསད་དེ་སྡོད་བྱའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚན་པས་ཆུ་ཚོད་24ཁ་པར་ཤར་གཏོང་འགན་ལེན་དང་། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་ཀྱི་གནས་ཚུལ་ལ་རྟག་ཏུ་དོ་སྣང་བྱེད་པ། དུས་ཆེན་རིང་གི་སྡོད་བྱ་དང་སྡོད་བྱའི་སྣེ་ཁྲིད་ལ་ཤུགས་སྣོན། ལྷོད་གཡེང་སྤུ་ཙམ་མེད་པར“རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་ལས་དོན་ལ་དམ་འཛིན་ཡག་པོ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱས་ནས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་བདེ་འཇགས་འཆམ་མཐུན་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་དུས་བདེ་ཁམས་བཟང་འགན་ལེན་བྱེད་དགོས།

(པ་སངས་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)