《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

ཀྲོང་ཡན་གྱིས“གཉིས་གཏོད”ཀྱི་སློབ་ གྲྭ་ཆེ་མོ་བར་གཟིགས་པ་དང་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་8ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་མཚོན་ཆེད་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྣེ་གསུམ་པའི་ཀུན་གཏོད་བྱ་ཡུལ་དང“སྣེའུ་སྦྲང་ཚང་+གསར་གཏོད་ལྟེ་གནས”སུ་ཕེབས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ཏེ“གཉིས་གཏོད”ཀྱི་སློབ་གྲྭ་ཆེ་མོ་བར་གཟིགས་པ་དང་འཚམས་འདྲི་གནང་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་བློ་ཁོག་ཆེན་པོས་གསར་གཏོད་དང་། ལས་གཏོད་ཏན་ཏིག ཕུགས་འདུན་མངོན་འགྱུར་བཅས་བྱེད་དགོས་པའི་སྐུལ་མ་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡ་ལིན་གྱིས་ལྷན་དུ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

“ཁྱེད་རང་སློབ་གྲྭ་གང་ནས་ཐོན་པ་ཡིན་ནམ། ཆེད་ལས་གང་ཞིག་སྦྱངས་སམ། དེ་གར་སླེབས་ནས་ཇི་ཙམ་སོང་ངམ། ཀུང་སིའི་ཕན་འབྲས་ཇི་འདྲ་འདུག་གམ”ལྷ་ས་གྲོང་ཁྱེར་གྱི་སྣེ་གསུམ་པའི་ཀུན་གཏོད་བྱ་ཡུལ་དུ་ཀྲོང་ཡན་དང་བོད་ལྗོངས་པད་མ་ར་ག་ཚོང་དོན་ཚད་ཡོད་ཀུང་སི་དང་བོད་ལྗོངས་གཡུ་ལོ་བརྡ་ཆ་ཇུས་འགོད་ཚད་ཡོད་ཀུང་སི་སོགས་བཙུགས་མ་ཐག་པའི་ཁེ་ལས་ཀྱི་ལས་གཏོད་སློབ་གྲྭ་ཆེ་མོ་བ་དང་སྤེལ་རེས་ཟབ་མོ་གནང་བ་དང་། ཁོང་ཚོའི་ལས་གཏོད་ཉམས་མྱོང་བཀའ་འདྲི་ཞིབ་ཕྲ་གནང་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)“གཉིས་གཏོད”ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ། ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད།

འཚམས་འདྲི་གནང་རིང་ཀྲོང་ཡན་གྱིས་སེམས་བཟང་ཚིག་ནན་ངང་ལས་གཏོད་པ་ཚོར་གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་བསམ་ཕྱོགས་སྐྱེད་སྲིང་ལ་སྣང་ཆེན་གྱིས་སློབ་གྲྭར་སྡོད་རིང་ཁོང་དུ་ཆུད་པའི་ཤེས་བྱ་དང་ལས་གཏོད་བྱེད་རིང་གི་ཉམས་མྱོང་གང་ལེགས་སྤྱད་དེ་ཁྲོམ་རའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ཁྲོམ་རའི་འགྱུར་ལྡོག་དང་བསྟུན་པ་དང་རྗེས་དཔག་དང་དངོས་སྒྲུབ་ཀྱི་བསམ་པའི་འཁྱེར་སོར་བརྟེན་ནས་འགྲན་སློང་བསུ་བ་དང་། དཀའ་ཚེགས་ལ་མི་འཛེམས་པ་དང་ཁྲོམ་ར་རྒྱུས་མངའ་ཟབ་མོ་ལོན་པ། དཔའ་ངར་ཆེན་པོས་མདུན་སྐྱོད་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་ལས་སྒྲུབ་ལས་གཏོད་བྱེད་རིང་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

ཀྲོང་ཡན་གྱིས་ད་དུང་འབྲེལ་ཡོད་སྡེ་ཚན་ལ་བཀའ་མངགས་ཡང་ཡང་གནང་དོན། “གཉིས་གཏོད”ཀྱི་རྒྱབ་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་ལག་ལེན་བསྟར་རིང་དམིགས་ས་ཡོད་པའི་སྒོ་ནས་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་འཚོལ་ཞིབ་དང་། ཕྱོགས་སྡོམ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། གཉིས་གཏོད་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་འཁོར་རྒྱུག་ནུས་ལྡན་ཐུབ་པར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་དང་ལེགས་གྲུབ་ལྡན་པའི་ངང་ལས་ཞུགས་ཐུབ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས“གཉིས་གཏོད”འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བས་ལས་གཏོད་བྱེད་འདོད་པ་དང་། ལས་གཏོད་བྱེད་ཕོད་པ། ལས་གཏོད་བྱེད་ཐུབ་པ། ལས་གཏོད་བྱེད་ཤེས་པ་བཅས་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)