《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月10日

རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས།

དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་ལས་དོན་ཧུར་ཐག་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་8ཉིན་གནས་ཚུལ་འབྱོར་གསལ། མང་ཚོགས་ཚོའི་དུས་ཆེན་རིང་གི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཏེ་དར་རྒྱས་བརྟན་ལྷིང་དང་། དགའ་སྤྲོ་འཆམ་མཐུན། བདེ་འཇགས་གོ་རིམ་ལྡན་པ་བཅས་ཀྱི་དུས་ཆེན་གྱི་ཁྲོམ་རའི་རྣམ་པ་ཞིག་གཏོད་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བྱ་ཐབས་སྣ་མང་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་ཆེན་གྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་ལས་དོན་ཧུར་ཐག་བསྒྲུབས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཉོ་སྒྲུབ་ཀྱི་ཐབས་ལམ་ཤར་གཏོང་དང་། སྔོ་ཚལ་དང་ཤ་རིགས་ཀྱི་མཁོ་སྤྲོད་ཀྱང་གདང་ངེས་ཡོད་པས་ལྗོངས་ཡོངས་ཀྱི་དུས་ཆེན་ཁྲོམ་རའི་དགོས་མཁོ་འགན་ལེན་བྱེད་ཐུབ་ཀྱི་ཡོད།

ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཟླ་དང་པོའི་ཟླ་མགོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ལྗོངས་ཡོངས་སུ་འཚོ་བའི་མཁོ་ཆས་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་ཉིན་རེའི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་ཏེ། ཉིན་རེའི་ཕྱི་དྲོའི་ཆུ་ཚོད་4པའི་གོང་ས་གནས་དེ་གའི་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་རིན་གོང་དང་མཁོ་སྤྲོད་ཀྱི་གནས་ཚུལ་གོང་འབུལ་བྱེད་དགོས་ཀྱི་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་འཚོ་བའི་མཁོ་ཆས་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་ཉིན་རེའི་སྙན་ཞུའི་ལམ་ལུགས་ཡང་བསྐྱར་ལག་བསྟར་བྱེད་འགོ་ཚུགས་ཏེ་འབྲུ་རིགས་དང་། སྣུམ། ཤ། སྒོ་ང་། ཚལ། འོ་མ་སོགས་འཚོ་བའི་མཁོ་ཆས་ཁྲོམ་རའི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད།

ཟོག་ཁུངས་མཁོ་འདོན་ཧུར་ཐག་བྱས་ཤིང་། ད་ཡོད་ཀྱི་ཞིང་ཆེན་ཕྱི་རོལ་གྱི་ཤ་ཚལ་རིགས་ཀྱི་ཟོག་ཁུངས་མཁོ་སྤྲོད་ཐབས་ལམ་གྱི་རྨང་གཞིའི་ཐོག་གྲོང་ཁྱེར་མ་འཇོག་གི་གདོང་དཀར་དང་ས་གཙང་སོགས་གཞུང་ཁོངས་ཁེ་ལས་ལ་བརྟེན་ནས་དམངས་གཉེར་ཤ་ཚལ་རིགས་ཀྱི་སྡེབ་ཚོང་ཁྲོམ་ར་ཆེ་གྲས་དང་མཉམ་ལས་བྱེད་པ་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས་སོགས་སིལ་ཚོང་ཁེ་ལས་ལ་གཞོགས་འདེགས་ཀྱིས་ཐོན་སྐྱེད་ཁེ་ལས་དང་རྟེན་གཞི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ཏུ་བརྟན་ཞིང་བློས་འགེལ་ཆོག་པའི་ཤ་ཚལ་རིགས་ཀྱི་ཟོག་ཁུངས་མཁོ་སྤྲོད་རྟེན་གཞི་དང་ཐོན་ཚོང་མཉམ་ལས་འབྲེལ་བ་འཛུགས་པ་བཅས་བྱས་ནས་ཤ་ཚལ་རིགས་དང་། འབྲུ་སྣུམ། སྔོ་ཚལ། ཤིང་འབྲས་བཅས་ཀྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱས་ཡོད།

ཐག་རིང་ས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཤིང་། མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་དགོས་མཁོ་འགན་ལེན་ནུས་ལྡན་བྱ་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ལྷ་ས་ས་གཙང་ཀུང་སིར་མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་སོ་སོར་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སི་འཛུགས་རྒྱུར་མཛུབ་ཁྲིད་བྱས་ཡོད། “དུས་ཆེན་གཉིས”རིང་ས་གནས་གཉིས་ཀྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། ཀུང་སི་དེ་གཉིས་ཀྱིས་ཟླ་1ཚེས་31ཉིན་གོང་དུ་འཚོ་བའི་མཁོ་ཆས་ཏུན་1000དང་ཏུན་1500སོ་སོར་གྲབས་གསོག་བྱས་ནས་ས་གནས་གཉིས་ཀྱི་མི་དམངས་ཀྱི་དུས་ཆེན་རིང་གི་འཚོ་བའི་མཁོ་ཆས་ཁྲོམ་རའི་དགོས་མཁོ་བསྐངས་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)