《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

དེ་གར་བསྡད་ནས་དྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་བ།

ཟླ་2ཚེས་4ཉིན་གྱི་ཉིན་དགུང་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བདེ་སྐྱིད་ཁུལ་ཆུང་གི་ཚལ་ཁྲོམ་དུ་བསྐྱོད་པ་ཡིན། ཚལ་ཁྲོམ་གྱི་སྒོ་འཛུལ་སར་བདེ་འཇགས་མི་སྣས་གློག་རྡུལ་དྲོད་ཚད་འཇལ་ཆས་ཀྱིས་ངང་རྒྱུད་རིང་པོས་ཚལ་ཁྲོམ་ནང་འཛུལ་མཁན་གྲོང་མི་ཚང་མར་ཚ་བ་བལྟ་བཞིན་འདུག “སྐུ་ཁམས་བཟང་། ཁ་རས་བསྐྱོན་རོགས་གནང་། ཁྱེད་ཀྱི་དྲོད་ཚད་ཏུའུ་36.3རེད་འདུག སྐུ་ཉིད་ཀྱིས་བློ་བདེ་པོས་ཅ་དངོས་ཉོ་རོགས་གནང”ཚལ་ཁྲོམ་གྱི་རིམ་པ་སྤོར་རྗེས་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད། ཁོར་ཡུག་ཀྱང་དེ་བས་ལེགས་སུ་ཕྱིན་ཡོད། མིག་སྔར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་རུང་། ཚལ་གྱི་རིན་གོང་སྤར་མེད་པས་ཚལ་ཉོ་མཁན་གྱི་གྲོང་མི་རྒྱུན་ཆད་རྒྱུ་མེད།

ཤིང་ཏོག་ཚོང་མཁན་དབང་འདུས་བཟའ་ཚོ་གཉིས་ཀྱིས་བདེ་སྐྱིད་ཁུལ་ཆུང་གི་ཚལ་ཁྲོམ་དུ་ཚོང་བརྒྱབ་ནས་ལོ་10ལྷག་ཙམ་སོང་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དབང་འདུས་ཀྱི་དྲན་གསལ་ལ་དེ་སྔ་ཉིང་ཁྲིའི་ཤིང་འབྲས་མང་ཆེ་བ་ནང་ས་ནས་དབོར་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་དབང་འདུས་ཀྱི་ཁྲོམ་བཀྱག་ཐོག་ཡུལ་དེའི་ཤིང་འབྲས་མང་པོ་མཐོང་རྒྱུ་ཡོད། “སྨན་གླིང་གི་ཀུ་ཤུ་དང་། བྲག་ཡིབ་ཀྱི་ཚ་ལུ་མ། མེ་ཏོག་གི་ངང་ལག་ལ་སོགས་པ། ང་ཚོས་བཙོངས་པའི་ཤིང་འབྲས་ཚང་མར་ཞིབ་དཔྱད་དང་ནད་ཡམས་ཞིབ་བཤེར་བྱས་ཡོད་པས་གྲོང་མི་ཚོས་བློ་བདེ་པོའི་ངང་མཆོད་ཆོག

ཁུལ་རྙིང་དུ་གནས་པའི་ཉིང་ཁྲིའི་བརྒྱ་ཟོག་ཚོང་རར། སྐུ་མགྲོན་ཚོས་རྟགས་བཤེར་དང་། ཚ་བ་བལྟ་བ། ཐོ་འགོད་བཅས་བྱས་ཚེ་གཞི་ནས་ཚོང་རར་འཛུལ་ཆོག བྲིན་འཚོང་མཁན་གྱིས་གསར་འགོད་པར“ཚོང་རའི་ཚོང་ཟོག་སྣ་ཚོགས་མཁོ་སྤྲོད་འདང་ངེས་ཡོད། ང་ཚོས་དྲ་ཕྱིའི་བྲིན་ཚོང་བྱས་པ་མ་ཟད། ཉེ་དུས་ད་དུང་དྲ་ཐོག་གི་ཞབས་ཞུ་ཤར་གཏོང་བྱས་ནས། སྐུ་མགྲོན་ཚོས་འབྲེལ་ལམ་མཉེན་ཆས་ཐོག་ཚོང་ཟོག་མངགས་ཐོ་བྱེད་ཆོག ང་ཚོས་ཚོང་ཟོག་ཐད་ཀར་སྒོ་རྩར་བསྐྱལ་ཏེ་ཁོང་ཚོ་ཁྱིམ་གྱི་སྒོ་ཐོན་མི་དགོས་པར་ཚོང་ཟོག་ཉོ་ཐུབ་པ་བྱས་ཡོད”ཅེས་བརྗོད།

འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁུལ་དུ་ཡོད་པའི་ཁྲོམ་གཞུང་གི་ཟ་ཁང་དང་། ཞག་སྡོད་ཁང་། ཁྱད་ལྡན་ཐོན་རྫས་སོགས་ཀྱི་ཆེད་འཚོང་ཁང་དང་སྒོ་རྩིས་ཚོང་ཁང་སོགས་སུ་སྲིད་ཇུས་ཀྱི་རོགས་སྐྱོར་མུ་མཐུད་བྱས་ནས། དབང་འདུས་འདྲ་བའི“དུས་ཆེན་རིང་ཚོང་ཁང་སྒོ་བརྒྱབ་མེད་པའི་ཚོང་པར”ཁ་གསབ་སྒོར་3000སྤྲད་དེ་ཚང་མའི་ཚོང་གཉེར་གྱི་ཧུར་སེམས་ཆེ་རུ་བཏང་ཡོད།

ལོ་གསར་འཆར་ཉེའི་མཚམས་སུ། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་མིག་ཅན་གྱི་ལྟ་འདོམས་སྒྲོམ་གཞི་རྨང་གཞིར་བྱེད་པ་དང་། ལས་གནས་ཐོག་གི་ལས་བྱེད་པ་ཚང་མ་སྐུལ་སློང་གིས་མཐུན་སྦྱོར་མཉམ་ལས་དང་། ཆ་འཕྲིན་མཉམ་སྤྱོད། ཁོངས་གཏོགས་དོ་དམ། དང་ལེན་གང་མགྱོགས་བཅས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་། ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་གི་ལྟ་འདོམས་དཔུང་ཁག་ཅིག་བཙུགས་ནས། ཉིང་ཁྲིའི་སྨན་འཚོང་ཁང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། སྒོ་རྩིས་ཚོང་ཁང་ཆེ་གྲས། ཟ་ཁང་། བརྒྱ་ཟོག དྲ་རྒྱའི་ཉོ་ཚོང་ལས་སྟེགས་སོགས་སུ་ཡོངས་ཁྱབ་ངང་ལྟ་འདོམས་བྱས་ཡོད། འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་ལས་སྟེགས་ཀྱི་ཉིན་མཚན་དབྱེར་མེད་ཀྱི་སྡོད་བྱའི་ལམ་ལུགས་ལག་བསྟར་བྱེད་འགོ་ཚུགས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་སྨན་གཏོར་ཡོ་བྱད་དང་འབྲེལ་བའི་ཞུ་གཏུག་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་ཏེ་དུས་ཐོག་ཏུ་འཛད་སྤྱོད་ཀྱི་རྩོད་གཞི་འདུམ་འགྲིག་དང་འགལ་ཟླ་བསལ་ཡོད།

གཞན་ཡང་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་དྲ་ཐོག་དང་དྲ་ཕྱིའི་འཐབ་ས་གཉིས་གང་ལེགས་སྤྱོད་པ་དང་། དྲ་རྒྱའི་སྨྱན་སྦྱོར་བརྒྱུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་ཆུང་ངུ་དང་འབྲེལ་ཡོད་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྒྲ་དང་བརྙན། དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ། བོད་རྒྱ་སྐད་གཉིས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱའི་ལག་དེབ་དང་གྲོས་འགོའི་ཡི་གེ་སོགས་དྲིལ་བསྒྲགས་ཡིག་ཆ་དུས་ཐོག་རྩོམ་སྒྲིག་པར་བཀྲམ་པ། ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ་བཅས་བྱས་ནས། མང་ཚོགས་ཀྱི་རང་ངོས་འགོག་སྲུང་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་བཏང་སྟེ། མང་ཚོགས་ཚོས་རིམས་ནད་ལ་ཚན་རིག་དང་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་གྱིས། ཚང་མས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་སྤེལ་བའི་འབོད་སྐུལ་བྱས་ཡོད།