《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月09日

ཉིང་ཁྲིའི“4•14”ཡི་ནགས་ཚལ་མེ་སྐྱོན་གྱི་མེ་གསོད་སྲོག་སྐྱོབ་བྱེད་རིང་བྱས་རྗེས་འཇོག་མཁན་ཚན་པ་དང་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་བཅས་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུའི་གཏན་འབེབས།

ས་ཁུལ་ཁག(གྲོང་ཁྱེར)གི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རང་སྐྱོང་ལྗོངས་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུའི་ཁོངས་མིའི་ཚན་ཁག་ལ།

2020ལོའི་ཟླ་4ཚེས་14ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གནས་གཞི་གྲོང་ཚོར་གློ་བུར་དུ་ནགས་ཚལ་མེ་སྐྱོན་ཐོན་ནས་མཐའ་སྐོར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་དང་གཙོ་གནད་ཁུལ་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་ཕྲད། མེ་སྐྱོན་ཐོན་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མདུན་ཕྱོགས་སུ་བཀོད་འདོམས་དང་སྤྱི་འདོམས་མཐུན་སྦྱོར་གྱིས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག དེ་བཞིན་བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག དྲིལ་བསྒྲགས། འཕྲལ་སྡོམ། སྤྱི་བདེ། ནགས་ཚལ་དང་རྩྭ་ཐང་། འགྲིམ་འགྲུལ། འཕྲོད་བསྟེན། དཔལ་འབྱོར་ཆ་འཕྲིན། དམངས་སྲིད། གནམ་གཤིས། གློག་ཤུགས། གློག་འཕྲིན། སྒུལ་བདེ་སོགས་ཚན་པའི་སྟོབས་ཤུགས་བསྐོངས་ཏེ་མེ་གསོད་སྲོག་སྐྱོབ་ལས་དོན་སྤེལ་བ་དང་། ལྷག་པར་དུ་ནགས་ཚལ་མེ་ཟོན་དང་མེ་ཟོན་རོགས་སྐྱོབ་ཀྱི་རྒྱ་ཆེའི་བཀོད་འཐབ་པས“འཕྲལ་རྒོལ་རུ་ཁག”གི་ནུས་པ་བཏོན་ཏེ་ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས“ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་དམ་ནན། སྲོག་ཉེན་ལ་མི་འཛེམ་པ། དམངས་ཆེད་བློ་གཅིག་སེམས་གཅིག་བཅས་བྱེད་པའི”བསླབ་སྟོན་བཀའ་སློབ་ཀྱི་དགོངས་དོན་མཚོན་ཡོད། མི་ཐེངས་ཁྲི་1.1གིས་དུས་ཡུན་ཉིན་5ཡི་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་མེ་གསོད་སྲོག་སྐྱོབ་ལས་འགན་ལེགས་སྒྲུབ་བྱས་ཏེ། རྒྱལ་ཁབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དང་དཔའ་བོའི་ཚོགས་སྤྱི་དང་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད།

སྔོན་ཐོན་ལ་གཟེངས་བསྟོད་དང་། དཔའ་སྟོབས་འཕེལ་བ། ངར་ཤུགས་སྐུལ་སྤེལ། མིག་དཔེ་སྟོན་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུས་ཏེ་མོས་མཐུན་ཐོབ་པ་བརྒྱུད། རང་སྐྱོང་ལྗོངས་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་སོགས་ཚན་པར་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གཉིས་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཧྥུའུ་ཀྲོའུ་ལམ་ཆེན་མེ་ཟོན་རོགས་སྐྱོབ་ས་ཚིགས་སོགས་ཚན་པར་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་གསུམ་པ་སྤྲོད་རྒྱུ་དང་། བློ་མཐུན་སུང་ཤིས་ཧྥུང་སོགས་ལ་བྱས་རྗེས་རིམ་པ་གཉིས་པ་དང་། བློ་མཐུན་ཚེ་རིང་ཀུན་དགའ་སོགས་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་སྤྲོད་རྒྱུ། ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་སོགས་ཚན་པར“སྔོན་ཐོན་མཉམ་སྡེབ”དང་བློ་མཐུན་ཝང་ལེ་སོགས་ལ“སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་ཡིན།

བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་སྤྱི་ཁྱབ་བཀོད་འདོམས་པུས།

2021ལོའི་ཟླ་2ཚེས་5ཉིན།