《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月07日

༄མྱང་ ཆུ་ གསེར་ གཞུང་ རིང་ མོ་། (༡)

པད་མ་དཀར་པོ།

མྱང་ ཆུའི་ སྐྱེད་ མ་།

མྱང་ཆུ་འཁྲུངས་སའི་མ་ཡུམ་སྐྱེད་མ་ཞེས། །

སྔར་སོང་ལོ་རྒྱུས་མཁན་པོའི་རྒན་རབས་དང་། །

དེང་རབས་ཚན་རིག་བདག་པོ་ན་གཞོན་ཚོས། །

ཀུན་གྱི་བློ་ཁ་གནོད་སྦྱིན་གངས་རིར་ཕྱོགས། །

སྨན་ལྗོངས་གངས་རི་བ་སོའི་གཞོང་པ་ཞེས། །

རླབས་ཆེན་མེས་པོའི་ངག་རྒྱུན་དབྱངས་རྟ་དག །

གཅིག་མིན་ལོ་རྒྱུས་དྲན་གསོའི་རྡོ་རིང་གིས། །

དོན་ལ་ར་སྤྲོད་དཔང་རྟགས་འབུམ་གྱིས་ཕྱུག །

ཁྱད་པར་ཟླ་ཞུན་ལན་བརྒྱར་བྱུགས་འདྲ་བའི། །

ལྟ་ན་སྡུག་པའི་ས་འཛིན་དཀར་པོ་སྟེ། །

གཟུཌ་དབྱིབས་དངུལ་གྱི་མཆོད་རྟེན་དཔེར་བཀོད་པས། །

གནོད་སྦྱིན་གང་བཟང་མཚན་སྙན་གང་སར་གྲགས། །

འདི་ཀོ་དམངས་ཁྲོད་ཤོད་རྒྱུན་རིང་མོ་ཞིག །

དབུས་གཙང་ཁུལ་དུ་ས་ཁྱབ་རྡོ་ཁྱབ་དར། །

ཕག་རི་ཇོ་མོའི་སྐུ་ཡི་ཟླ་གྲོགས་ཞེས། །

ངག་སྒྲོས་དབྱངས་རྟ་དུས་གསར་རྗེས་སུ་བསྙེགས། །

གནོད་སྦྱིན་གང་བཟང་འདི་ཉིད་སྔར་སོང་གི །

བགྲང་བྱ་དུ་མའི་སྔ་རོལ་དུས་ཚོད་ནང་། །

གངས་རིའི་དབུ་འཕང་ཇེ་མཐོར་འགྲོ་དང་ལྷན། །

ཁ་བའི་མདོག་ཀྱང་གཞན་ལས་ལྷག་ཏུ་དཀར། །

གཞན་ཡང་རང་རིགས་སྐྱེས་ཆེན་དམ་པ་ཚོས། །

ཞབས་སོར་པད་མོ་དངོས་སུ་བཅགས་པའི་སྐོར། །

བདེན་མིན་ཁ་ཚོན་གཅོད་པར་དཀའ་ན་ཡང་། །

ཤོད་རྒྱུན་དག་ལ་ཡིད་ཆེས་མང་ཙམ་འདུག །

འཛད་མེད་འཇོ་བའི་བདུད་རྩིའི་ཆུ་རྒྱུན་ནི། །

ཕོ་རྒོད་གཞན་ཕན་ལས་བཟང་སྙིང་སྟོབས་བཞིན། །

ཞུམ་པ་མེད་པར་ཉིན་མཚན་དབྱེར་མེད་ཀྱིས། །

སེམས་ལྡན་སྲོག་དང་ནོར་འཛིན་བུ་མོར་འབུལ། །

མྱང་ ཆུའི་ དུས་ བཞི་།

ཡངས་པའི་ས་གཞི་དུས་ཀྱི་གོམ་བགྲོད་དང་བསྟུན་ཏེ། །

ལྗང་མདོག་གོས་ཆེན་མཚར་སྡུག་རྒྱན་ཆ་རུ་བཞེས་པས། །

སྐྱི་བསེར་རླུང་གིས་སྦྲང་ཆར་སིལ་མ་ཡི་སྣེ་ཁྲིད། །

མི་སེམས་བྲེལ་བའི་དཔྱིད་ཀའི་དུས་བཟང་དེ་ཤར་བྱུང་། །

མྱང་ཆུ་གཙང་པོ་རྩེད་འཇོའི་ཀློང་ལས་རབ་བྲལ་ཏེ། །

གལ་ཆེན་སྐུ་མགྲོན་བསུ་བའི་ལས་ཤིག་རྩོམ་ལ་བྲེལ། །

ལས་ལ་བརྩོན་པའི་སོ་ནམ་ཞིང་པའི་ཚོགས་རྣམས་ཀྱང་། །

མྱང་ཆུའི་བུ་མོ་མགྲོན་དུ་བསུ་ལ་རབ་ཏུ་བྲེལ། །

དེ་ཡང་དགུན་གྱི་ཉིན་བྱེད་དཔྱིད་ཀའི་ཆུ་བོ་ཞེས། །

གནའ་མིའི་ཞལ་ལ་འཇཌ་པའི་གཏམ་དཔེ་ཅིས་མི་བདེན། །

ཁྱེད་ཀྱི་རང་བཞིན་བདུད་རྩི་སྨན་དང་ཉེར་མཚུངས་པས། །

ཐན་ནད་ཕོག་པའི་མུ་མེད་ཞིང་ཐང་ཡོངས་སུ་བརླན། །

སྤྲིན་བཅུད་བདུད་རྩིའི་གྲུ་ཆར་མྱང་ཆུའི་མངལ་དུ་བབས། །

ཁྲ་ཆིལ་མེ་ཏོག་སྟོང་ཕྲག་སྤང་ཐང་ནགས་སུ་བཞད། །

རིན་ཆེན་སྨན་རྩྭའི་དྲི་བསུང་ཕྱོགས་བཞིར་འཐུལ་བས་ན། །

མ་བོས་སྐུ་མགྲོན་བུང་བའི་ཚོགས་བཞིན་ངང་གིས་འཁོར། །

སྦྲང་ཆར་སིལ་མས་ནོར་འཛིན་དགའ་མའི་བཞིན་རས་བཀྲུས། །

གསར་སྐྱེས་ལྗང་པ་གཞོན་ནུའི་ལང་ཚོ་རབ་ཏུ་རྒྱས། །

མ་ཡུམ་མྱང་ཆུའི་དྲི་མེད་ལྟོ་བར་ཆུ་ཕྲན་སྟོང་། །

རབ་ཏུ་ཞུགས་པའི་དབྱར་གྱི་དུས་ཚིགས་ཨེ་མ་རྨད། །

ནམ་མཁར་གློ་བུར་སྤྲིན་གྱི་ཡོལ་བ་ལང་ལོང་འཕྱུར། །

གཡུ་འབྲུག་གད་རྒྱངས་ཉེ་བར་འཇོམས་པའི་དབྱར་སྐྱེས་རྔ། །

ལན་དུར་གྲགས་པས་དྲག་ཆར་ངར་མའི་མདའ་མོ་འཁྱུག །

ཤ་འོད་དཔུང་གིས་མྱང་ཆུའི་ལང་ཚོ་ཅུང་ཟད་རྙོག །

ཚ་ཟེར་མ་མའི་འགོག་མེད་འོད་སྣང་རབ་ཏུ་འཚེར། །

ནོར་འཛིན་བུ་མོས་ངུར་སྨྲིག་ན་བཟའ་ལུས་ལ་བཞེས། །

རི་ཀླུང་མེད་པར་སྣ་ཚོགས་འབྲས་བུས་རབ་ཏུ་བཀངས། །

ཐང་མར་བརྡལ་བའི་སྟོན་གྱི་རང་མདངས་ཨེ་མ་མཚར། །

བར་སྣང་དབྱིངས་ནས་ཁ་བའི་མེ་ཏོག་ཅི་དགར་འབབ། །

གསེར་ལྡན་དགའ་མའི་ནག་ནོག་དྲི་མ་མ་ལུས་དག །

ཀ་ཅིའི་རས་ཀྱི་གྱོན་པས་མཛེས་པའི་དགུན་གྱི་དུས། །

མྱང་ཆུ་གཙང་པོས་དཀར་གཙང་གཡང་ཊིའི་མལ་གཟན་བཞེས། །

སྟེང་ལ་གངས་ཀྱི་ལྭ་བ་སྲབ་མོ་གཟན་དུ་བཞེས། །

འོག་ཏུ་རང་གཟུགས་དྭངས་མ་འགོག་མེད་ཤར་རེར་རྒྱུག །

གཡས་གཡོན་ལྗོན་པ་གནས་སྐབས་ཧྲེང་བུར་གནས་གྱུར་ཀྱང་། །

ནམ་ཞིག་གཡུ་ལོ་ཐགས་སུ་བཀྲ་བར་ཡིད་ཆེས་བརྟན། །

ད་དུང་ཁྱེད་ཀྱི་གཞན་ཕན་བྱ་བ་རྫོགས་ཐབས་བྲལ། །

གྲང་དམྱལ་ལྟ་བུའི་དཀའ་ངལ་དུ་མ་ཁྱད་དུ་བསད། །

མགོ་ནག་མི་བུའི་འཚོ་རྟེན་ཞིང་ས་མཁྲེགས་པོ་རྣམས། །

བཞའ་དང་བརླན་གྱིས་ཡོངས་སུ་བརྟུལ་བ་ངོ་མཚར་ཆེ། །

མྱང་ ཆུའི་ ལམ་ བུ་།

སྙན་ངག་མཁན་པོས་མྱང་ཆུའི་ལམ་བུ་ཞེས། །

བསྟོད་པའི་ཚིག་ཕྲེང་བརྒྱ་སྟོང་ཁྲི་འབུམ་དག །

གཅིག་ལ་གཅིག་སྦྲེལ་ཐག་འཁྱུད་མེ་ཏོག་བཞིན། །

མྱང་ཆུའི་ལམ་བུར་བསྟོད་ཚིག་སྦྲང་ཆར་འབེབས། །

སོ་ནམ་ཞིང་པས་མྱང་ཆུའི་ལམ་བུ་ཞེས། །

ཚེ་གཅིག་འཚོ་བའི་དྲིན་ཆེན་ལམ་བུར་བསྟེན། །

མི་ཚེ་གཅིག་གི་རིན་ཐང་ཉག་གཅིག་སྟེ། །

མྱང་ཆུའི་ལམ་བུར་བསྐྱོད་ནས་མཛད་བཟང་བཏོད། །

མྱང་ཆུའི་ལམ་བུར་རིན་བྲལ་འགྲུལ་པ་སྟེ། །

དཔའ་བོ་དཔའ་མོས་གཞན་ཕན་མཛད་བཟང་བསྒྲུབས། །

ལྷག་བསམ་དཀར་བའི་མེས་པོ་གོང་མ་ཚོས། །

མི་ཚེའི་གཏམ་རྒྱུད་ལོ་རྒྱུས་དེབ་ཐེར་བརྩམས། །

ཐོག་མར་གངས་རིའི་ཤར་ནུབ་གཡས་གཡོན་ནས། །

བབས་པའི་ཆུ་ཐིགས་སྟོང་ཕྲག་དུ་མ་ཞིག །

རྡོག་རྩ་བསྒྲིལ་ཏེ་རྐ་དང་ཡུར་བུ་ནས། །

དལ་བབས་མྱང་ཆུའི་ལམ་བུ་གསར་དུ་བཏོད། །

འོན་ཏེ་ཁྱེད་ཀྱི་ཤང་ཤང་སྙན་དབྱངས་ཁྲོད། །

ཀྱག་ཀྱོག་ལམ་ཐག་གཅོད་མཁན་འགྲུལ་པ་ཚོའི། །

ཞུམ་པ་མེད་པའི་སྙིང་སྟོབས་གོ་ཆ་ཡིས། །

རྟག་ཏུ་ཁོ་བོའི་ཡིད་ཀྱི་བརྟན་པ་འཕྲོགས། །

སྔོན་ལ་མྱང་ཆུ་རྔ་སྐུད་ཕྲ་མོ་བཞིན། །

རང་སྐྱ་མ་འཕེར་ཕར་བརྙེས་ཚུར་བརྙེས་ཀྱིས། །

ཆུ་ཐིགས་ཐམས་ཅད་དམའ་སར་དཔུང་སྒྲིལ་ནས། །

བག་ཕེབས་བདེ་བ་འཇམ་པོའི་ལམ་དུ་ཞུགས། །

མདུན་གྱི་ལམ་ནི་ཀྱག་ཀྱོག་འབར་འབུར་ཅན། །

ཆེད་མངཌ་བཟོས་པའི་དམག་སའི་འཛིང་རགས་འདྲ། །

མཚམས་རེ་གླང་ཆེན་གཟུགས་དང་ཉེར་མཚུངས་པའི། །

ཕ་བོང་ཆེན་པོས་མྱང་ཆུའི་འགྲོ་ལམ་བཀག །

མིག་ཀྱང་བཙུམས་ནས་ཤུགས་ཀྱིས་བརྡུངས་པའི་དུས། །

ཀླད་པ་འཐོར་འདྲའི་མྱང་ཆུ་མཁའ་རུ་མཆོངས། །

སྒྱུ་ལུས་དུམ་བུ་ཕྱོགས་བཞིར་ལང་ལོང་འཕྱུར། །

ད་དུང་དབུགས་རྒྱུན་མ་ཆད་མདུན་དུ་བསྐྱོད། །

སྐབས་འགར་བལྟ་བས་མི་བཟོད་གཡང་གཟར་གྱི། །

གད་པ་མཐོན་པོས་འགྲོ་ལམ་བཅད་པའི་ཚེ། །

བློ་ཁོག་ཆེན་པོས་མདུན་དུ་མཆོངས་པས་ན། །

སྲོག་འཛིན་སྙིང་དམར་ཁ་ནས་དོན་ལ་ཁད། །

རེ་ཞིག་བསམ་དྲན་མེད་པར་ཁའི་ནང་ནས། །

ལྦུ་བ་ལྷོག་ལྷོག་འདོན་བཞིན་ཡར་ལངས་ཏེ། །

མི་འཇིགས་སྙིང་སྟོབས་ཧ་ཅང་ཆེར་བསྐྱེད་ཀྱིས། །

ཨམ་བཙིགས་བསྡམས་ནས་མདུན་སྐྱོད་ལམ་དུ་ཞུགས། །

སྐབས་རེ་ལྷ་སྐས་འཛེགས་འདྲའི་མྱང་ཆུ་དེ། །

གྱེན་དུ་འགྲོ་དུས་སྨུག་ཆུང་དྲེའུ་ཡིས། །

ཤིང་རྟ་འཁོར་ལོ་གྱེན་དུ་འཐེན་པ་བཞིན། །

ངལ་ཞིང་དུབ་ནས་དངན་པ་འཐེན་དང་མཚུངས། །

སྐབས་འགར་ཀླུ་ཡུལ་བབས་འདྲའི་མྱང་ཆུ་ཡིས། །

གཟར་པོའི་ཐུར་དུ་རྒྱུག་དུས་བྲག་རྡོའི་གསེབ། །

འགག་ཟྭ་འཕྲོ་བརླག་ཕྱིན་པའི་རླངས་འཁོར་དག །

ཐུར་དུ་ཤོར་བའི་ངང་ཚུལ་གསོན་པོར་བསྟན། །

སྐབས་རེ་རྒྱུ་ཞག་སྒོར་མོ་འདྲ་བ་སྟེ། །

མི་བཟོས་ཀྱག་ཀྱོག་ཡུར་བུ་ཕྲ་མོའི་ནང་། །

བསྐྱོད་པའི་དུས་ལ་ཕར་ཚུར་བསྐོར་ཙ་ན། །

སྐེད་པ་འཆུས་པ་འདྲ་བའི་ལུས་པོ་འཁྱོག །

རང་ནུས་ཡོད་རྒུས་རང་ལམ་གསར་བཟོ་དང་། །

གནོད་སྦྱིན་གང་བཟང་བཀའ་དྲིན་དྲན་ཞོར་དུ། །

གཞན་ཕན་ལྷག་བསམ་དཀར་བའི་མྱང་ཆུ་དེའི། །

ཚེ་གང་བསྐྱོད་པའི་ལམ་བུར་བདག་སེམས་ཤོར། །

དེ་ལྟར་མྱང་ཆུས་ཉིན་མཚན་དབྱེར་མེད་དུ། །

དཀའ་བ་དྲག་པོ་སྤྱད་པའི་འབྲས་བཟང་སྟེ། །

མདུན་སྐྱོད་ཁ་ཕྱོགས་མཐའ་ཡས་རྒྱ་མཚོར་གཏད། །

མྱང་ཆུའི་གསེར་གཞུང་རིང་མོ་སྐྱིད་ལ་རོལ། །

མྱང་ ཆུའི་ བཀའ་ དྲིན་།

མྱང་ཆུ་གཙང་པོས་གཞན་ཕན་ལས་ཀྱི་ཆེད། །

ལུས་ཕུང་བཞུར་བའི་ཉིང་ཁུ་ཡོད་དོ་ཅོག །

དམའ་སར་འཁྱིལ་བའི་མཚོ་དང་མི་འདྲ་བར། །

གྲངས་འདས་ཚེ་སྲོག་ཁྲི་འབུམ་མང་པོ་བསྐྱངས། །

རྩ་ཆེན་བདུད་རྩི་མྱང་གཞུང་ཡུལ་གྲུར་བབས། །

འབྲུ་རིགས་སྣ་ལྔའི་ལོ་ལེགས་བང་མཛོད་ཁེངས། །

གྲགས་ཅན་ཐོན་རྫས་བློ་བརྟན་རྩམ་པ་གཙོས། །

སྔོ་ལྗང་ཟས་རིགས་སྐུ་གཟུགས་བདེ་ཞིང་སྐྱིད། །

རྩ་ཆེན་ཚེ་སྲོག་ཡུན་རིང་འཚོ་བའི་ཆེད། །

བདུད་རྩི་ཡོངས་རྫོགས་བཏང་སྙོམས་ངང་གིས་བཞུར། །

ནོར་འཛིན་དཔལ་མོར་སྔོ་ལྗང་མཛེས་རྒྱན་སྤྲས། །

སྙན་གྲགས་ཆེན་པོ་འཛམ་གླིང་ཀུན་ལ་གྲགས། །

གཞན་ཡང་གཞིས་རྩེར་འབྲུ་མཛོད་ཞེས་སུ་གྲགས། །

མཐའ་ཡས་ཞིང་ཐང་མཁའ་དང་དབྱེར་མེད་ཅིང་། །

སྟོན་དུས་འབྲས་བུའི་ཁུར་གྱིས་རབ་ཏུ་བརྗིད། །

མྱང་ཆུ་ཉིད་ཀྱི་བཀའ་དྲིན་ཡིད་ནས་དྲན། །

སྤུས་ལེགས་ཤིང་ཆ་འཚོ་བའི་ནོར་བུ་སྟེ། །

ཤིང་བཟང་སྦྱར་པ་རང་བྱུང་ཉི་གདུགས་གཟུགས། །

རྒྱ་ལྕང་དཀར་པོ་ལག་ཆའི་ཡུ་བར་མཁོ། །

གླ་ཚེར་སྡོང་པོའི་བུད་ཤིང་མྱང་ཆུའི་དྲིན། །

མར་གད་མདངས་འཛིན་གཡུ་གཞོང་རྩྭ་ཐང་སྟེང་། །

སྐར་ཚོགས་ཐང་ལ་འབབ་འདྲའི་གྲངས་འདས་ཀྱི། །

ཕྱུགས་རིགས་དཀར་ནག་ཤ་ཤེད་རྒྱས་པ་ལས། །

ཤ་མར་བལ་སོགས་ཐོན་ཁུངས་མྱང་ཆུའི་དྲིན། །

ཆུ་འགྲམ་ལྕང་མའི་འཕྱང་འཕྲུལ་ལོ་མ་ལས། །

གཡས་གཡོན་ལག་པ་རྐྱོང་འདྲའི་བསིལ་གྲིབ་གྲུབ། །

གམ་དུ་རྒྱུག་པའི་ཆུ་ཕྲན་མེ་ལོང་ལས། །

རང་གཟུགས་གསལ་བས་དགའ་སྤྲོས་རབ་ཏུ་མྱོས། །

མཐོ་རིས་དགའ་ཚལ་ཡིད་འོང་ལྡུམ་རའི་ནང་། །

རྨ་བྱའི་འདབ་གཤོག་རྐྱོང་འདྲའི་རྩི་ཤིང་འཛོམས། །

དམར་ལི་སེར་ལྗང་མཐིང་མདོག་ཚོན་སྣ་དག །

སོར་རྩེས་བྲིས་འདྲའི་ཁོར་ཡུག་མྱང་ཆུའི་དྲིན། །

མཛེས་མ་ཀུ་ཤུས་མིག་ཟུར་ལྐོག་མདའ་འཕངས། །

བཙུན་མ་ཚ་ལུམ་ངུར་སྨྲིག་ཆོས་གོས་བཞེས། །

གར་མཁན་ཁམ་བུས་གདོང་ལ་དཀར་དམར་བྱུག །

འབྲས་ལྡན་གླིང་ཁར་འདོད་ལྡན་སྐྱེ་བོ་འཁོར། །

བསིལ་དྭངས་རྙོག་མེད་ཆུ་བོར་གཞོན་ནུ་ཚོ། །

ལ་ལ་གནག་སྣུམ་སྐྲ་ལོ་འཁྲུ་བ་དང་། །

ལ་ལ་ཆབ་ཞུགས་དགའ་སྟོན་དཔལ་ལ་རོལ། །

ཐམས་ཅད་མྱང་ཆུ་གཙང་པོའི་བཀའ་དྲིན་ལགས། །