《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2021ལོའི་ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་2ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་2021ལོའི་ལོ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་ཀྱི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་162པའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན། “ཞིང་གསུམ”ལས་དོན་བརྟག་ཞིབ་ཚོགས་ཆུང་7གྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། ཉེ་དུས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཡན་ཅིན་ཧའེ་ཡིས་བསྟན་དོན། ད་རེས་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་ཆུང་7གྲོང་ཁྱེར་དང་ས་ཁུལ་7དུ“ཞིང་གསུམ”ལས་དོན་ལ་བརྟག་ཞིབ་བྱེད་པར་མངགས་རྒྱུའི་གཏན་འབེབས་གནང་བ་ལས། ལྗོངས་ཏང་ཨུད་ཀྱིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ད་རེས་ཀྱི་བརྟག་ཞིབ་ལ་འབད་བརྩོན་ཆེར་སྐྱེད་དང་། བསམ་བློ་ཞིབ་གཏོང་། གནས་ཚུལ་དངོས་གསལ་རྟོགས། དབྱེ་ཞིབ་གང་ལེགས། གྲོས་འགོ་འདོན་པ་བཅས་བྱས་པའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་འགྱུར་ལྡོག་གསར་པ་དང་། དགོས་མཁོ་གསར་པ། འགྲན་སློང་གསར་པ་བཅས་གསལ་པོ་རྟོགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་གྲོང་གསེབ་དར་རྒྱས་དང་དེ་བས་ལེགས་པའི་སྒོ་ནས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ཐོན་མཐོ་ནུས་ཆེ་དང་ཞིང་འབྲོག་ཁུལ་སྡོད་མལ་དང་འཚམ་པ་དང་ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད།

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བརྟག་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས། བརྟག་ཞིབ་སྙན་ཞུར་ཕྱོགས་བསྡུས་ཡག་པོ་དང་། སྤྱི་འདོམས་ཡག་པོ། ཞིབ་འཇུག་ཡག་པོ་བཅས་བྱས་ཏེ་ཉམས་མྱོང་ཡག་པོ་དང་གྲོས་འགོ་ཡག་པོ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཟོས་ནས་འགྲེམས་ཉེར་ཡོད་པའི“ཡིག་ཆ་ཨང་དང་པོའི”ནང་བསྡུ་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག ད་རེས་ཀྱི་བརྟག་ཞིབ་གྲུབ་འབྲས་ལ་ཕྱོགས་བསྡུས་གསེད་བཀྲོལ་ནན་ཏན་བྱས་ནས་སྤུས་ཚད་ལྡན་པ་དང་། དབྱེ་ཞིབ་ཡོད་པ། གྲོས་འགོ་ཡོད་པ་བཅས་ཀྱི་ཡིག་ཐོག་སྙན་ཞུ་ཞིག་ཆགས་པར་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་འབུལ་དགོས། ལག་བསྟར་བསམ་འཆར་ཡག་པོ་བཟོ་དགོས། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། ཟུང་འབྲེལ་གྱི་ལེའུ་ཡག་པོ་རྩོམ་པ། “གང་ཞིག་ལ་དམ་འཛིན་བྱེད་པ་དང་། དམ་འཛིན་ཇི་ལྟར་བྱེད་པ། གྲུབ་འབྲས་གང་འདྲ་ཞིག་འཐོབ་རྒྱུར་དམ་འཛིན་བྱེད་པ”བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། རང་ལྗོངས་ཀྱི“ཡིག་ཆ་ཨང་དང་པོ”ཚན་རིག་དང་མཐུན་པའི་སྒོ་ནས་ཡག་པོ་བཟོས་ནས། དམིགས་ཡུལ་ཡོད་པ་དང་། གཙོ་གནད་ཡོད་པ། དམ་འཛིན་བྱ་གཞི་ཡོད་པ་བཅས་བྱས་ཏེ་བཀོལ་སྤྱོད་ལ་སྟབས་བདེ་ཡོང་བར་བྱེད་དགོས། ཚོགས་འདུའི་དུས་ཚོད་སྦྲེལ་མཐུད་ཡག་པོ་བྱེད་དགོས། མཐུན་སྦྱོར་སྦྲེལ་མཐུད་རང་འགུལ་ངང་ཡག་པོ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོག་པའི་དུས་ཚོད་གཏན་འཁེལ་ཡག་པོ་དང་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་གྲ་སྒྲིག་ཡག་པོ་བྱེད་དགོས། མིག་སྔའི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་དང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཏན་ཏིག་བཅས་བྱེད་དགོས་པ། “ཚོགས་འདུ་གཉིས”རིང་གི་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་སྤུས་ཚད་བདེ་འཇགས་ཀྱི་ལྟ་འདོམས་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ“ཤ་ཚལ་སྒོང་གསུམ”དང“འབྲུ་རིགས”ཀྱི་རིན་གོང་བརྟན་ལ་འདང་ངེས་དང་སྤུས་ཚད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པ། དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ཏེ། ས་བོན་དང་ཞིང་སྨན་སོགས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་གྲ་སྒྲིག་འདང་ངེས་བྱས་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོར་སྲུང་བ་དང་ཆབས་ཅིག རིགས་གཅིག་མཁས་ཅན་དང་ཞིང་ལས་ལག་རྩལ་མི་སྣ་ཞིང་ནང་དང་མུ་ཁར་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་དང་མཛུབ་ཁྲིད་བྱེད་པར་སྐྱོད་རྒྱུར་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་པ་དང་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཡག་པོ་ཞུས་ནས་འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་འཕར་བ་ལས་མི་ཆག་པའི་འགན་ལེན་བྱེད་དགོས།