《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月04日

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

(2021ལོའི་ཟླ་2ཚེས་2ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)

ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2021ལོའི་ཟླ་2ཚེས་1ཉིན་དང་ཚེས་2ཉིན་ལྷ་སར་འཚོགས་ཤིང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་28ཕེབས་ཡོད་པ་དང་མི་122ཟུར་ཞུགས་གནང་ཡོད་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཆེ་དགྲ་ལྷ་དང་། ཀྲོང་ཡན། ཡན་ཅིན་ཧའེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། 2020ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱིར་མིག་བལྟས་པ། 2021ལོའི་ལས་འགན་བཀོད་སྒྲིག་བྱས་པ། དེ་བཞིན་བློ་མཐུན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི《“བརྟན་ལྷིང”གི་རྨང་གཞི་བརྟན་དུ་གཏོང་བ་དང“ཡར་རྒྱས”ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་དང་འགན་ལེན་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་རེད། ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། བློ་མཐུན་ཝུའུ་དབྱིང་ཅེའི་གསུང་བཤད་ནང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱབ་ཡོད་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་མ་ཟད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ད་དུང“བརྟན་པོར་འཛུགས་དགོས་པ་གསུམ”རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། “དོན་ཆེན་བཞི”དང་“འགན་ལེན་བཞིར”ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་རིམ་ཁག་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2020ལོར་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྟེ་བར་འགན་ལེན་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་ཐུབ་པ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་་རུ་གཏོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ། དབུལ་སྐྱོར་དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ་ནག་གཤེད་དང་འབྲེལ་བ་ཡོད་པའི་རུལ་སུངས་དང“སྲུང་གདུགས”ལ་ཞིབ་བཤེར་ནན་པོ་བྱས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་གཏིང་ཟབ། ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རིང་སྤྱོད་ཚུལ་དང་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། “སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བ་དང་། སྐོར་གཟིགས་ལས་དོན་གྱི་རྨང་གཞི་བརྟན་དུ་གཏོང་བ། སྐོར་གཟིགས་གྲུབ་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐོར་གཟིགས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་བཏང་བ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། དབང་ཆ་སྤྱོད་ཚུལ་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་མཐོ་རུ་གཏོང་བ། “རྣམ་པ་བཞི”གནད་སྨིན་ངང་སྤྱོད་པ། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བཅས་བྱས་ནས“མང་ཆེ་བར”དོ་དམ་ཐུབ་རྒྱུར་སྐུལ་འདེད་བཏང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་མངགས་སྡོད་སྒྲིག་གཞི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ལམ་ལུགས་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་དང་བཅའ་ཁྲིམས་གཅིག་མཐུད་དང་ཁྲིམས་དང་ཁྲིམས་གཅིག་འབྲེལ་སྔར་བས་ཐུབ་པ་བྱས་པ། རུལ་སུངས་ལ་ཆད་པ་གཅོད་པ་དང་ལྐོག་ཟ་གཙང་སེལ་ལ་གཡོ་འགུལ་མི་གཏོང་རྒྱུ་དང་རྒྱ་ཡན་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྱོད་དཔེ་དྲངས་ནས་བཅོས་སྒྲིག་ལ་སྐུལ་འདེད་དང་གྱོད་དཔེ་དྲངས་ནས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་གསུམ་གྱི་ལམ་སྲོལ་གཞི་གཅིག་འཛུགས་རྒྱུར་དམིགས་ནས་ཤུགས་རྒྱག་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་དྭངས་གཙང་ཡོང་བར་བྱས་པ། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ལུགས་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྕག་སྐུལ་དང་ཚོད་འཛིན་བྱེད་རྒྱུ་དེ་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་འདས་ཟིན་པའི་ལོ་གཅིག་རིང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཁྲོད་གྲུབ་པའི་ངོས་འཛིན་དང་མྱོང་ཚོར་ཕྱོགས་སྡོམ་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཁྲོད་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་ལ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་དབྱེ་ཞིབ་བྱས་པ་མ་ཟད། ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པ་བཅས་ཀྱི་ལོ་ཞིག་རེད། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ལེགས་པར་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བརྟན་ཐོག་ཡར་བརྩོན་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བྱེད་པ་དེ་ལས་འགན་ཨང་དང་པོར་བརྩི་བ། གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་ལ་འཛུགས་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཏང་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་གཏིང་ཟབ་པོ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ་བཅས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་རང་ངོས་ཀྱི་འགན་འཁྲི་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་འཕྱུག་པ་མེད་པར་འཚོལ་དགོས་ཤིང་། ཆབ་སྲིད་ཀྱི་ལྟ་སྐུལ་སྔར་བས་འབུར་དུ་ཐོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་བས་འབུར་དུ་ཐོན་པ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྐྱོང་བྱ་རྒྱུ་སྔར་བས་འབུར་དུ་ཐོན་པ། ལྟ་སྐུལ་དང་བཅོས་སྐྱོང་གི་ཕན་ནུས་འདོན་སྤེལ་སྔར་བས་འབུར་དུ་ཐོན་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཡག་པོ་ཟུང་འབྲེལ་དང་སྐུལ་ལྕག་དང་ཚོད་འཛིན་གལ་ཆེ་མཉམ་འཛིན་སྔར་བས་འབུར་དུ་ཐོན་པ་བཅས་བྱས་ཏེ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་གྱི་བྱེད་ཐབས་དེ་དེང་རབས་ཅན་འཛུགས་སྐྲུན་དང་ཕན་ཚུན་འཚམ་མཐུན་ཡོང་བར་བྱས་ནས་ལྟ་སྐུལ་འགན་ལེན་བྱེད་པ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གནད་འཁེལ་གོ་ཆོད་ངང་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ།

གཅིག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་པ་དང་ལག་བསྟར་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམིགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དོན་འཁྱོལ་ཐུབ་ལ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་སྟེ། ཏང་ལ་ལྷག་བསམ་རྣམ་དག་མི་བྱེད་མཁན་དང་མངོན་བརྩི་ལྐོག་འགལ་བྱེད་མཁན“ངོ་གཉིས་མར”ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།

གཉིས་ནས་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བློ་བརྟན་འགྱུར་མེད་ངང་གཏིང་ཟབ་སྤེལ་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་གསུམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཤིང་། “ནན་པོ”ཞེས་པའི་ནང་དོན་གྱི་སྙིང་པོ་དེ་གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལས་གནས། འགག་རྩའི་ཉུང་ཤས་བཅས་ཀྱི་ཐོག་མངོན་རྒྱུ་དམ་འཛིན་བྱེད་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་འདྲེས་ཀྱི་རུལ་སུངས་ཀྱི་གྱོད་དོན་དམིགས་སུ་བཀར་ནས་ཞིབ་བཤེར་ཐག་གཅོད་དང་། ཚུལ་མིན་སྤྱོད་ཚུལ་ཁྲོད་སྐུང་པའི་རུལ་སུངས་ཀྱི་གནད་དོན་སྔོག་འདོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རྣམ་གྲངས་ཞིབ་བཤེར་མཆན་འགོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། ཚན་རིག་ཞིབ་འཇུག་དོ་དམ་སོགས་ཐད་ཀྱི་རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། དངུལ་རྩའི་ཁྱབ་ཁོངས་དང་གཞུང་ཁོངས་ཁེ་ལས་ཀྱི་གཞུང་གནོད་སྒེར་ཕན་དང་རྨོངས་ཚོད་ཀྱིས་ཐབས་ཇུས་གཏན་འབེབས་བྱས་པ་ལས་གཞུང་ཁོངས་རྒྱུ་ནོར་ཤོར་བ་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་འགན་དབང་གང་བྱུང་དུ་སྤྱད་པ་དང་། སྒེར་དོན་ཁྲིམས་འགལ་བྱས་པ། ཁྲིམས་འཛིན་དྲང་གཞག་དྲང་བདེན་ལ་གཏོར་བཤིག་བཏང་བ་སོགས་ཀྱི་རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བཅས་བྱེད་དགོས། ཞིབ་བཤེར་བརྟག་དཔྱད་ཀྱི་མཇུག་མཐུད་ལས་དོན་ཡག་པོ་བསྒྲུབས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་གསུམ་གྱི་ཁ་ཕྱོགས་གཅིག་ལ་ཤུགས་རྒྱག་པ་དང་དུས་མཚུངས་སུ་ཤུགས་རྒྱག་དགོས།

གསུམ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་སྔར་བས་ལེགས་པའི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པར་རོགས་སྐྱོར་བྱེད་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མུ་མཐུད་བཅོས་སྒྲིག་བྱེད་པ། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམིགས་བསལ་བྱེད་པ་དང་གཅོག་འཕྲི་བབ་བསྟུན་བྱེད་པའི་རིགས་དང་དེ་བཞིན་རིམ་པ་བཞིན་མང་སྣོན་བྱེད་པའི་གནད་དོན་ལ་གནད་སྨིན་བཅོས་སྒྲིག་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་སྒྲིག་འགལ་ངང་ཚོང་གཉེར་བྱེད་པ་དང་། ཁེ་ལས་གཉེར་བ། དེ་བཞིན་སྒྲིག་འགལ་ངང་ལས་འགན་གཅིག་ལྕོགས་འཁུར་ནས་ཐོབ་ཆ་བླངས་པ་སོགས་ཀྱི་གནད་དོན་ཡོ་བསྲང་གཏིང་ཟབ་བྱས་ཏེ་ཁྱིམ་དོན་ནན་སྐྱོང་དང་སྒེར་དོར་སྤྱི་སྐྱོང་ལ་སྐུལ་ལྕག་གཏོང་དགོས།

བཞི་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་བསྟུན་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་མུ་མཐུད་བཅོས་སྒྲིག་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམངས་ཕན་དམངས་ཕྱུག་དང་ཐུན་མོང་ཕྱུག་འགྱུར་གྱི་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕན་ཚུན་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་སུ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་བཅོས་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོ་སྨན་བཅོས་དང་། ལས་ཞུགས་ལས་གཏོད། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། ཁོར་ཡུག་སྲུང་སྐྱོང་། ཁྲིམས་བསྟར་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་གཏོང་བའི་གནད་དོན་མུ་མཐུད་ཡོ་བསྲང་བྱེད་པ། ནག་གཤེད་དང་འབྲེལ་བ་ཡོད་པའི“སྲུང་གདུགས”དང་། ལྐོག་ཟ་ཧམ་བཟུང་། བཟའ་འཁྱེར་བཀག་ལེན། གཉེན་ཉེ་དང་གྲོགས་པོར་ལྟ་སྐྱོང་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།

ལྔ་ནས་རྒྱུན་འཛིན་ཁྲོད་གསར་གཏོད་མཐའ་འཁྱོངས་བྱས་ཏེ་སྐོར་གཟིགས་དང་སྐོར་ཞིབ་ཀྱི་རལ་གྲིའི་ནུས་པ་རྒྱུན་མཐུད་ནས་ཆེ་རུ་གཏོང་དགོས་ཤིང་། “སྲུང་སྐྱོང་གཉིས”ལ་དམིགས་ནས་ཆབ་སྲིད་སྐོར་གཟིགས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་གཏན་གྱི་སྐོར་གཟིགས་དང་། ཆེད་དོན་སྐོར་གཟིགས། སྐབས་བསྟུན་སྐོར་གཟིགས་བཅས་ཁྱབ་པ་དང་སྤྱད་ནས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དུས་བཀག་བཞིན་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་སྐོར་གཟིགས་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲུབ་འབྲས་ལག་ལེན་དང་བེད་སྤྱོད་ཡག་པོ་བྱས་ཏེ་གོང་འོག་མཉམ་འགུལ་གྱིས་སྐོར་གཟིགས་སྐོར་ཞིབ་ཡག་པོ་བྱེད་དགོས། སྐོར་གཟིགས་སྐོར་ཞིབ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དག་ཐེར་བྱེད་རིང་ཁྲལ་སེལ་སླ་བཅོས་དང་དག་ཐེར་བྱེད་རིང་རྫུན་བཟོ་བྱེད་པའི་རིགས་ལ་དམ་ནན་གྱིས་འགན་འཁྲི་རྩད་གཅོད་བྱེད་དགོས།

དྲུག་ནས་ལྟ་སྐུལ་གྱི་མངོན་ཡོད་ཁྱབ་རྒྱ་དང་ནུས་ལྡན་ཁྱབ་རྒྱ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་དང་བཅོས་སྐྱོང་གི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་གནད་དོན་དང་བསམ་འཆར་དག་ཐེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱ་བ་ཚང་མར་གྲུབ་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་འགན་འཁུར་བ་དང་པོ་ཡིན་པའི་ཧྲུའུ་ཅིའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། རྒྱུན་དུ་ལྟ་སྐུལ་ཏན་ཏིག་བྱེད་པ་དང་། ལྟ་སྐུལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ། གནད་དོན་མ་ཐོན་གོང་ནས་ལྟ་སྐུལ་བྱེད་པ་བཅས་བྱས་ཏེ་འགོ་ཁྲིད་ཚན་ཁག་དང་ལྷག་པར་དུ་འགོ་ཁྲིད་གཙོ་བོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་འདེམས་ཤོག་འཕེན་སྐུལ་དང་། རྔན་བསླུས་འདེམས་བསྐོ། དཔོན་གནས་སློང་རྒྱུག ངོ་ཆེན་ཞུ་བ་དང་བརྡ་གཏོང་བ་སོགས་ཀྱི་བྱེད་སྤྱོད་རྩད་གཅོད་མཐའ་གཅིག་ཏུ་བྱེད་དགོས། “རྣམ་པ་བཞི”བེད་སྤྱོད་གཏིང་ཟབ་གཏོང་བ་དང་། “དབྱེ་བ་གསུམ་འབྱེད་པ”མཐའ་འཁྱོངས་བྱས་ཏེ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་ཕོག་རིགས་དུས་ཐོག་ཏུ་གསལ་བཟོ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས།

བདུན་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱེད་དགོས་ཤིང་། གོང་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དང་མངགས་གཏོང་བྱས་པའི་ལས་ཁུངས་ཀྱིས་མངགས་སྡོད་སྒྲིག་གཞིར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁུལ(གྲོང་ཁྱེར)སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱས་ཏེ། རྫོང་རིམ་པའི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ནང་བཙུགས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་དགོས། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུ་བའི་ཆེད་དོན་ལས་དོན་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ནས་སྤེལ་དགོས།

བརྒྱད་ནས་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞོམ་ཞིག་མེད་པའི་སྒྲིག་ལམ་དང་སྤྱོད་ཚུལ་ལ་བརྟེན་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་གཏོད་དགོས་ཤིང་། རང་རྟོགས་ངང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། “ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་ཡག་པོ་སྤེལ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཞོར་དུ་སློབ་སྦྱོང་དང་། ཞོར་དུ་བརྟག་ཞིབ། ཞོར་དུ་ལས་སྒྲུབ། ཞོར་དུ་ཕྱོགས་སྡོམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆབ་སྲིད་དང་ལས་སྒོའི་ཁོངས་མི་ཡོངས་ལ་གསོ་སྦྱོང་ཟབ་སྤེལ་བྱེད་པ། གྱོད་དཔེ་དྲངས་ནས་གསོ་སྦྱོང་གི་ཚབ་བྱེད་པ་དང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དངོས་སྦྱོང་དང་དངོས་འཐབ་ཁྲོད་ནུས་པ་ཆེ་རུ་གཏོང་དགོས། རང་རྟོགས་ངང་ཚོད་འཛིན་དང་ལྟ་སྐུལ་ནན་ཤོས་དང་ལེན་བྱས་ཏེ་ཆབ་སྲིད་དྭངས་གཙང་མེད་པ་དང་ཀུན་སྤྱོད་ཡག་པོ་མེད་མཁན་མཐའ་གཅིག་ཏུ་གཙང་སེལ་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ། ཆེད་ལས་ཅན་གྱི་ནུས་པ་ཆེ་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་ས་མཐོའི་རུལ་རྒོལ་དཔུང་ཧྲག་ཅིག་འཛུགས་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་རྡོ་རྗེ་བྲག་ལྟར་བརྟན་པ་དང་། སེམས་མཐུན་སྟོབས་སྒྲིལ། དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

(སྤེན་ཚེ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)