《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月02日

“ཤ་ཚལ་སྒོང་གསུམ”འབེལ་ལ་རིན་གོང་བརྟན་པ།

“འབྲས་དང་། གྲོ་ཞིབ། སྣུམ། སྔོ་ཚལ། ཤིང་འབྲས་སོགས་དངོས་ཟོག་གང་ཉོ་ཉོ་འདུག”ཅེས་ཉེ་ཆར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་གཉིས་ཕན་གཉིས་ཁེའི་སྒོ་རྩིས་ཚོང་ཁང་དུ་ཅ་དངོས་ཉོ་བཞིན་པའི་གྲོང་མི་ལི་ལགས་ཀྱིས་དེ་ལྟར་བརྗོད་བྱུང་།

སྒོ་རྩ་ནས་དུག་སེལ་བྱས་རྗེས། གསར་འགོད་པ་གཉིས་ཕན་གཉིས་ཁེའི་སྒོ་རྩིས་ཚོང་ཁང་དུ་འཛུལ་སྐབས། ཚོང་སྒྲོམ་ཐོག་ཚོང་ཟོག་སྣ་ཚོགས་བསྒྲིགས་འདུག་ལ། ཅ་དངོས་ཉོ་མཁན་གྱི་གྲོང་མིས་ཁེངས་ནས་འདུག མདུན་དུ་ཡོད་པའི་ཁྲོམ་བཀྱག་ཐོག་ཤིང་འབྲས་དང་སྔོ་ཚལ་མང་པོ་བཞག་འདུག་ལ། ཁྲོམ་བཀྱག་སྟོང་པ་ཆགས་སྐབས་ལས་དོན་མི་སྣས་ལམ་སེང་ཁ་གསབ་བྱེད་ཀྱི་འདུག

སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཀྲང་ཁོས་གསར་འགོད་པར། ཟླ་བ་གཅིག་གི་གོང་ནས་ང་ཚོས་སྒོ་རྩིས་ཚོང་ཁང་ནས་དངོས་ཟོག་གྲ་སྒྲིག་བྱེད་འགོ་ཚུགས་པ་ཡིན། ཟོག་འདྲེན་བྱེད་སྐབས“ལྟ་ཞིབ་ཀྱི་ཚད་གཞི་གཉིས”ལག་བསྟར་ནན་པོ་བྱས་ཡོད། ས་གནས་དེ་རང་ནས་ཏ་པད་ཚལ་དང་། ཞའོ་པད་ཚལ། ཆིན་ཚལ་སོགས་ཉོ་སྒྲུབ་བྱས་ནས་མཁོ་སྤྲོད་བརྟན་པོ་ཡོང་བ་བྱས་པ་མ་ཟད། སྤུས་ཚད་དང་གྲངས་འབོར་འགན་ལེན་གྱི་རྨང་གཞིའི་ཐོག་དམངས་ལ་མཁོ་བའི་དངོས་ཟོག་མི་ཆད་པ་དང་གོང་མི་འཕར་བའི་འགན་ལེན་ཡང་བྱས་ཡོད་ཅེས་བརྗོད་བྱུང་། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཆབ་མདོ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་རིན་གོང་ཁོའོ་ཡི་འགན་འཁུར་བ་ལི་ཀུའེ་རུང་གིས་གསར་འགོད་པར། 2021ལོའི“དུས་ཆེན་གསུམ”རིང་ཆབ་མདོ་གྲོང་ཁྱེར་གྱིས་ཆེད་མངགས་མཁོ་སྤྲོད་འགན་ལེན་དང་ཟོག་གོང་བརྟན་པོ་ཡོང་བའི་ལས་དོན་གྱི་ཇུས་གཞི་བཟོས་ནས་རིན་གོང་བརྟན་པོ་དང་། མཁོ་སྤྲོད་དམ་འཛིན། སྣ་ཁ་འབེལ་བ། གོ་རིམ་ཚད་ལྡན། ཟོག་འདྲེན་ཐབས་ལམ་ཤར་བགྲོད་སོགས་ཕྱོགས་བདུན་ནས་བཀོད་སྒྲིག་ཞིབ་ཚགས་བྱས་པ་མ་ཟད། ཐད་ཚོང་ས་ཚིགས་དང་ཚལ་ཚོང་རླངས་འཁོར་བཏང་ནས་རྒྱ་ཆེའི་མང་ཚོགས་ཚོར་རིན་གོང་ཁེ་བའི་ཤ་ཚལ་ཉོ་རྒྱུའི་སྟབས་བདེ་བསྐྲུན་པར་བརྟེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་བྱུང་ཡོད་ཅེས་བརྗོད།

ཟླ་1ཚེས་13ཉིན་ཁ་རུབ་ཆུས་ཀྱིས་ཤ་ཚལ་སྒོང་གསུམ་གྱི་དམངས་ཕན་འདུ་འགོད་ལག་བསྟར་བྱས་ཏེ། ཤ་ཚལ་ཚོང་ས་8དང་ཚལ་ཚོང་རླངས་འཁོར་4བཀོད་སྒྲིག་བྱས་པས་ཚལ་གྱི་རིན་གོང་བརྟན་ལ་སྣ་ཁ་འབེལ་བ་མ་ཟད། ཁྲོམ་རའི་སིལ་ཚོང་རིན་གོང་ལས་15%དང་20%ཡིས་དམའ་བ་ཡོད་པ་རེད། འཚོང་བའི་ཚགས་ཤ་དང་། ཕག་ཤ བོད་བྱ་བཅས་ནི་ཁ་རུབ་ཆུས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ཐོན་རྫས་ཤ་སྟག་ཡིན་པ་མ་ཟད། གྲོང་ཁྱེར་དང་ཆུས་རིམ་གཉིས་ཀྱི་རིམས་ནད་ཞིབ་བཤེར་སྡེ་ཚན་གྱི་ཞིབ་དཔྱད་ལྟ་འདོམས་འོག་ཁྲོམ་རར་འདོན་གྱི་ཡོད།

“གྲོང་ཁྱེར་ནང་གི་སྐྱོབ་གསོ་ལེན་མཁན་དང་། ཁོར་ཡུག་གཙང་སྦྲ་བ། གྲོང་ཁུལ་དུ་གནས་སྤོས་པའི་དུད་ཚང་སོགས་མང་ཚོགས་ཀྱིས་ཆུས་དམངས་སྲིད་ཅུས་དང་། གྲོང་ཁྱེར་དོ་དམ་ཅུས། དམངས་ཕན་སྡེ་ཁུལ། བདེ་སྐྱིད་སྡེ་ཁུལ་བཅས་ཀྱི་འབྲེལ་ཡོད་ངོ་སྤྲོད་དང་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་སྔོ་ཚལ་ཚོང་ཡུལ་ནས་ཤ་ཚལ་ཉོས་ན་བརྒྱ་ཆ་བརྒྱད་ཅུ་གཅོག་གི་ཡོད”ཅེས་ཁ་རུབ་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།

ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་འདེབས་འཛུགས་དུད་ཚང་ཆེན་པོའི་སྔོ་ཚལ་ཁྲོམ་རར་བཏོན་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱིས་ཟོག་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ནས་འཚོ་བའི་མཁོ་ཆས་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)