《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧོའེ་ཅིན་ཕུང་གིས་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་། རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་ཧོའེ་ཅིན་ཕུང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དུ་ཕེབས་ནས། ཉ་ལས་ཚན་ཞིབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཉ་ལས་ཚན་རྩལ་བོད་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་སྐོར་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ལྗོངས་ཞིང་ལས་ཚན་རིག་ཁང་དུ་ཕེབས་མ་ཐག་ཧོའེ་ཅིན་ཕུང་དང་བཅས་པས་དང་ཐོག་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱི་ནང་མི་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཧོའེ་ཅིན་ཕུང་གིས། རྒྱལ་ཡོངས་ཀྱི་ཞིང་ལས་གྲོང་གསེབ་པུའི་ནས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན་འབའ་ཞིག་དང་བོད་ཀྱི་ནས་ཚན་ཞིབ་ཀྱི་ཆེད་དམིགས་རྣམ་གྲངས་གལ་ཆེན་གྱི་དབུ་བཞུགས་ཚན་རིག་མཁས་ཅན་ཞིག་ཡིན་པའི་ངོས་ནས། བློ་མཐུན་ཉི་མ་བཀྲ་ཤིས་ཀྱིས་དུས་ཡུན་རིང་པོའི་ནང་ནས་ཀྱི་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ་ནས་བོད་ཀྱི་འབྲུ་རིགས་ཐོན་འཕར་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་ནི་བོད་ཀྱི་ཞིང་འབྲོག་ཚན་རིག་ཁོངས་གཏོགས་ཁྲོད་ཐོན་པའི་ཕུལ་བྱུང་གི་མཚོན་བྱེད་ཅིག་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས། ལྷག་པར་དུ་མེས་རྒྱལ་སེམས་སུ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་། ནམ་ཡང་ཡང་རྩེར་འཛེག་པ་དང་གཞན་གྱི་སྔོན་དུ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས་བཅས་ལག་ལེན་བསྟར་བ་ནི་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཞིག་རེད་ཅེས་གསུངས་པ་དང་། ཧོའེ་ཅིན་ཕུང་གིས་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ཚབ་ཞུས་ནས་བློ་མཐུན་ཉི་མ་བཀྲ་ཤིས་ལ་བླ་ན་མེད་པའི་གུས་འདུས་ཞུས་ཤིང་། ཁོང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

དེ་རྗེས་ཧོའེ་ཅིན་ཕུང་དང་བཅས་པས་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཆུའི་ཐོན་རྫས་ཚན་རིག་ཞིབ་འཇུག་སུའོ་ཡར་ཀླུང་གཙང་པོའི་ཡུལ་དེ་རང་གི་ཉ་རིགས་གསོ་སྤེལ་རྟེན་གཞིར་རྟོག་ཞིབ་དང་བརྟག་ཞིབ་གནང་སྟེ། བོད་ཀྱི་ཉ་ལས་ཐོན་ཁུངས་ཀྱི་བརྟག་དཔྱད་ཞིབ་འཇུག་དང་། གཙོ་གནད་སྐྱེ་དངོས་རིགས་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་འགག་སྒྲོལ། ཡུལ་དེ་རང་གི་ཉ་རིགས་སྲུང་སྐྱོབ་དང་ཞིབ་འཇུག་སོགས་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཉ་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉ་ལས་ཐོན་ཁུངས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོ་སོགས་གཙོ་གནད་ཆུ་ཁོངས་ཀྱི་ཐོན་ཁུངས་ལ་བརྟག་དཔྱད་བྱས་པར་འཕེལ་རིམ་གལ་ཆེན་བྱུང་བ་མ་ཟད། བོད་ཀྱི་ཉ་ལས་ཐོན་ཁུངས་ལ་སྲུང་སྐྱོང་དང་ཆུའི་སྐྱེ་ཁམས་མ་ལག་གི་བདེ་འཇགས་གཏོད་ཆེད་སྲ་ཞིང་བརྟན་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད། ཧོའེ་ཅིན་ཕུང་གིས་བོད་ཀྱིས་ཉ་ལས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་དང་ཆུའི་སྐྱེ་ཁམས་ལེགས་སུ་བཏང་བའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་རྗེས། བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་གི་ངོས་ནས། ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་ལྷག་པར་དུ་ཉ་ལས་ཐོན་ཁུངས་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་རེད་ཅེས་མཛུབ་སྟོན་ཡང་གནང་བ་རེད།

ཧོའེ་ཅིན་ཕུང་གིས་ནན་བཤད་གནང་དོན། ད་ཡོད་ཀྱི་ཚན་རྩལ་ཐོན་ཁུངས་གང་ལེགས་སྤྱད་དེ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ས་ཁོངས་བཀོད་སྒྲིག་བྱས་ནས། ཡར་ཀླུང་གཙང་པོའི་ཡུལ་དེ་རང་གི་ཉ་རིགས་གསོ་སྤེལ་རྟེན་གཞི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཚན་རིག་ཁྱབ་གདལ་སློབ་གསོའི་སྤྱི་ཚོགས་ཀྱི་ལག་ལེན་རྟེན་གཞིར་སྐྲུན་པ་དང་། སློབ་གྲྭའི་ནང་ཁུལ་གྱི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ། སློབ་གསོའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས། ཚང་མས་བོད་ཀྱི་ཉ་རིགས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་དགོས་པ་དང། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ས་མཐོའི་ལྗོངས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་དང་། གསར་གཏོད་ཀྱིས་སྒུལ་ཤུགས་བྱེད་པ། ཡུལ་བབ་དང་བསྟུན་ནས་ལག་རྩལ་ཞིབ་སྤེལ་ལ་ཤུགས་སྣོན། ཚན་ཞིབ་ཀྱི་གྲུབ་འབྲས་ཐོན་སྐྱེད་བྱེད་སྟངས་ལ་སྒྱུར་བ་བཅས་བྱས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་དང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་པ། སྔར་རྒྱུན་བཞིན་བོད་སྐྱོར་ལས་དོན་ལ་མཐོང་ཆེན་བྱས་ཏེ་བོད་ཀྱི་ཉ་ལས་ཐད་ཀྱི་ཚན་རྩལ་གྱི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་དང་། བོད་སྐྱོར་གྱི་ལས་འགན་ཧུར་ཐག་འཁུར་བ། བོད་ཀྱི་ཉ་ལས་ཚན་རིག་ཞིབ་འཇུག་ལས་དོན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་ཉ་ལས་ཐོན་ཁུངས་སྲུང་སྐྱོང་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་དགོས།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་མཚམས་གཅོད་ཀྱིས་ཞུས)