《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

འཇམ་དབྱངས་རྒྱལ་མཚན་གྱི་དོན་སྙིང་ལྡན་པའི་ལོ་གསར་གཏོང་སྟངས།

འགོ་ཚུགས་གཏམ།

ལོ་གསར་པར་རྣམ་པ་གསར་པ་བསུ། “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་པ་དང་ལུགས་རྙིང་ལྕགས་གླང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། མི་རྣམས་ཀྱིས་འབྱུང་འགྱུར་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད།

འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“ལོ་གསར་སྐབས་གཞི་རིམ་དུ་སྐྱོད”ཅེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ནས། གསར་འགོད་པས་དཔྱིད་ཀྱི་གོམ་བགྲོད་དང་བསྟུན་ནས་གྲོང་ཁྱེར་དང་ཁྲོམ་གཞུང་དང་། ཞིང་ནང་དང་མུ་ཁ། རྩྭ་ཐང་དང་འབྲོག་ར། ཁེ་ལས་ཀྱི་འཁོར་ཁང་བཅས་སུ་བསྐྱོད་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་འཁུར་བྱས་ཏེ། ངོ་མཚར་ལྡན་པའི་གཏམ་རྒྱུད་དང་གསོན་ཉམས་ལྡན་པའི་རྣམ་པ་བརྗོད་དེ་དུས་རབས་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱ་རྒྱུ་ཡིན་པས་ཚང་མས་དོ་སྣང་ཡོད་པ་ཞུ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ་ཆབ་མདོའི་ཁྲོམ་གཞུང་གང་སར་ཀྲུང་གོའི་བཀྲ་ཤིས་དར་མདུད་དང་། ལྒང་བཞུ་དམར་པོ། དུས་ཆེན་གྱི་དར་ཚོན་བཅས་མཐོང་རྒྱུ་ཡོད་པས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད་པ་རེད།

ནང་མི་མཉམ་འཛོམས་ཀྱི་དུས་དེར་། མི་ཁག་གཅིག་གིས་རང་ཉིད་ཀྱི་དུས་ཚོད་བློས་བཏང་ནས་མི་གཞན་དག་མཉམ་འཛོམས་ཐུབ་པ་བྱེད་ཅིང་། འཇམ་དབྱངས་རྒྱལ་མཚན་ནི་དེའི་གྲས་ཤིག་ཡིན་པ་རེད།

འཇམ་དབྱངས་རྒྱལ་མཚན་ནི་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་གསར་སྤེལ་དང་མ་འཇོག་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། ལས་རིགས་དེར་ཞུགས་པ་ནས་བཟུང་། ཁོང་གིས་དཔྱིད་གསར་དུས་ཆེན་ཡག་པོ་ཞིག་ཐེངས་གཅིག་ཀྱང་གཏོང་མྱོང་མེད། ཞོགས་པ་ཚང་མས་ལོ་གསར་གྱི་འཚམས་འདྲི་བྱེད་སྐབས་དང་། གྲོགས་པོ་དང་གཉེན་ཉེ་ཚང་མ་མཉམ་དུ་འཛོམས་སྐབས། ཐ་ན་མཉམ་འཛོམས་ཀྱི་ཟ་མ་ཟ་སྐབས་བཅས་སུ་ཁོང་སྔར་བཞིན་རང་ཉིད་ཀྱི་ལས་གནས་ཐོག་རླངས་འཁོར་གཏོང་བཞིན་ཡོད་པ་རེད།

ཡིན་ན་ཡང་འཇམ་དབྱངས་རྒྱལ་མཚན་གྱིས་རང་ཉིད་ཀྱི་ལས་གནས་ཀྱི་དམིགས་བསལ་རང་བཞིན་ཤེས་ཀྱི་ཡོད་པས་ཁོང་གིས“ངས་ལས་རིགས་དེ་བདམས་པས་ངེས་པར་དུ་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་ཁག་ལ་སྲུང་བརྩི་ཞུས་ནས་དུས་གང་ཞིག་ཡིན་རུང་འགྲུལ་པ་བདེ་འཇགས་ལྡན་པའི་ངང་ཁྱིམ་དུ་སྐྱེལ་དགོས”ཞེས་བརྗོད།

རླངས་འཁོར་མ་ཐོན་གོང་འཇམ་དབྱངས་རྒྱལ་མཚན་གྱིས་ཉིན་ལྟར་གློག་གསོག་སྒྲིག་ཆས་དང་། འཁོར་ལོ། གཅུས་གཟེར་བཅས་ལ་ཞིབ་བཤེར་བྱེད་པ་མ་ཟད། ད་དུང་ཤེལ་སྒོ་དང་འཁོར་ངོས་སུ་འབྲད་ཤུལ་ཡོད་མེད་སོགས་ལ་ཞིབ་བཤེར་བྱེད་ཀྱི་ཡོད། དེ་ལྟར་བྱས་ཚེ་ཁོང་གཞི་ནས་བློ་བདེ་པོ་ཡོང་གི་ཡོད།

འཇམ་དབྱངས་རྒྱལ་མཚན་གྱིས་བཏང་བའི་རླངས་འཁོར་ནི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཨང་གསུམ་པ་དེ་ཡིན་པ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་10.5ཡོད་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལམ་བར་དུ་རླངས་འཁོར་འབབ་ཚུགས་21བརྒྱུད་དགོས་པས། ཡར་མར་ཆུ་ཚོད་1ཙམ་འགོར་གྱི་ཡོད། ཉིན་ལྟར་ཞོགས་པའི་ཆུ་ཚོད་7:20ལ་རླངས་འཁོར་ཐོན་འགོ་ཚུགས་པ་ནས་དགོང་མོའི་ཆུ་ཚོད་19:20ལ་ལས་མཚམས་འཇོག་པའི་བར་འཇམ་དབྱངས་རྒྱལ་མཚན་ཕར་འགྲོ་ཚུར་ཡོང་ཐེངས་6བྱེད་དགོས་ཀྱི་ཡོད། ལམ་ཐིག་དེར་ཁྲོན་པའི་ཁ་གཅོད་དང་། ས་དོང་གང་དུ་ཡོད་པ་ཚང་མ་ཁོང་གིས་གསལ་པོར་ཤེས་ཀྱི་ཡོད།

“འཇམ་དབྱངས་རྒྱལ་མཚན་ཁ་ལོ་བ་བྱས་ནས་ལོ་21འགྲོ་ཡི་ཡོད། འགྲུལ་པའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱ་ཆེད། ང་ཚོའི་ཀུང་སིས་བསྡུས་པའི་ཁ་ལོ་བ་56ཚང་མ་ལོ་40མན་དང་ད་དུང་རླངས་འཁོར་བཏང་ནས་ལོ་10ཡན་ཕྱིན་པ་ཤ་སྟག་རེད”ཅེས་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏེང་ཅན་ཆིང་གིས་གསར་འགོད་པར་བརྗོད།

2018ལོའི་ཟླ་12པར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གཏོང་འགོ་ཚུགས་ཚུན། རྒྱ་ཆེའི་གྲོང་མི་ཚོའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 2020ལོའི་ཟླ་8པར་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཐེན་ཅིན་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཧྥུའུ་ཅན་གྲོང་ཁྱེར་བཅས་ཀྱིས་རིན་ཐང་སྒོར་ཁྲི་1410ལྷག་ཙམ་རི་བའི་ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར24ཉོས་ནས་ཆབ་མདོར་སྤྱོད་པ་དང་། ད་ཆ་གྲོང་ཁུལ་དུ་སྤྱི་སྤྱོད་རླངས་འཁོར་50ཡོད། དེ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་8ཀྱིས་ཉེ་འཁོར་ས་ཁོངས་ལ་ཁྱབ་པའི་སྤྱི་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་དྲ་བ་ཞིག་སྤྱིའི་ཆ་ནས་ཆགས་ཡོད།

གྲོང་མིའི་འགྲོ་སྐྱོད་ལ་དེ་བས་སྟབས་བདེ་སྐྲུན་ཆེད། 2019ལོའི་ཟླ་6པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུ་ཚད་ཡོད་ཀུང་སིས་ལོ་55ཡན་གྱི་འགྲུལ་པར་གདལ་གླ་མི་དགོས་པའི་རྒན་རྒོན་གྱི་གཱ་དང་། སློབ་མར་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་གཱ དབང་པོ་སྐྱོན་ཅན་ལ་གདལ་གླ་མི་དགོས་པའི་གཅེས་སེམས་གཱ་བཅས་བཟོས་པ་རེད། མིག་སྔའི་བར་ཁྱོན་རྒན་རྒོན་གྱི་གཱ་4210དང་། སློབ་མའི་གཱ་684 གཅེས་སེམས་གཱ་243བཅས་བཟོས་ཡོད། ཉོ་སྒྲུབ་བྱས་པའི་རིག་ནུས་ས་ཚིགས་ཀྱི་འཕྲུལ་འཁོར་ཚང་མ་སྤྱོད་འགོ་ཚུགས་པ་དང་། 2020ལོར་སྤྱི་སྤྱོད་རླངས་འཁོར་གྱིས་བསྐྱོད་པའི་ལམ་ཚད་སྤྱི་ལེ་ཁྲི་167ཟིན་པ་དང་འགྲུལ་པ་མི་ཐེངས་ཁྲི་161སྐྱེལ་འདྲེན་བྱས་ཡོད།

“ད་ཆ་ལོ་གསར་གཏོང་ལ་ཉེ་བ་དང་སློབ་གྲྭ་གུང་གསེང་བཞག་པས། ངས་གྲོང་ཁུལ་ནས་ནང་མིར་ལོ་གསར་གྱི་མཁོ་ཆས་ཉོ་རོགས་བྱས་རྗེས། སྤྱི་སྤྱོད་རླངས་འཁོར་དུ་བསྡད་ན་ལམ་བར་དུ་ས་ཚིགས་ཁ་ཤས་ལས་བརྒྱུད་མི་དགོས་པར་ནང་ལ་སླེབས་ཀྱི་འདུག་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་འགུ་རོ་གྲོང་རྡལ་གྱི་དགེ་རྒན་སྐལ་བཟང་གཡུ་སྒྲོན་གྱིས་བརྗོད།