《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་ཚོགས་འདུ་དང་། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་ཚོགས་འདུ། རྒྱལ་ཡོངས་ཀྱི་གསང་སྲུང་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད། 《〈ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར〉གྱི་བྱེད་ཐབས་གལ་ཆེན་གྱི་ལས་བགོས་ཇུས་གཞི》ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་གྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་། 2020ལོར་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱིས་བསམ་བློ་ཆབ་སྲིད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཐད་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། ཏན་ཏིག་སྒྲུབ་པ་བཅས་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས“ཡོད་པ་བདུན”མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྤྱོད་བཟང་སྒྲིག་ནན་དེ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་མཐུད་བྱས་ནས་ལྷག་པའི་རུལ་སུངས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱེད་པ་དང་རུལ་སུངས་ཀྱི་གནད་དོན་གཏན་འགོག་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། “སྤྱོད་ཚུལ་བཞི”བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་གདམ་ག་བྱེད་པ་དང་། འགྱུར་བ་གཏོང་བ། འཐེན་སྐུམ་བྱེད་པ་སོགས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གནད་སྨིན་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་དང་ཚུལ་མིན་གྱི་སྤྱོད་ཚུལ་མུ་མཐུད་བཅོས་སྒྲིག་བྱེད་པ། བརྩེ་བ་ཟབ་མོས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཏང་སྲོལ་དང་སྲིད་སྲོལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་ཁྲོད་ནས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལ་དེ་བས་ཞབས་འདེགས་ཡག་པོ་ཞུ་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཡིག་བསྐུར་ངོ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་རྩ་འཛུགས་པུའི་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་བློ་མཐུན་ཁྲེན་ཤིས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རྩ་འཛུགས་ལས་དོན་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེའི་ཁོངས་མིའི་ཚན་པས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཀྲུའུ་ཞི་དབང་དབྱང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འདི་ལོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་མི་སེམས་གཅིག་སྒྲིལ་དང་སེམས་པ་གཅིག་མཐུན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་གསང་སྲུང་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་གསང་སྲུང་ལས་དོན་ཚོགས་འདུའི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ངེས་པར་དུ་བརྟན་པོར་སྲུང་དགོས་པའི་སྲོག་རྩ་དང་རང་ཚུགས་ཀྱི་རྩ་བར་བརྩི་བ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། གསང་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གསང་སྲུང་ལས་དོན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་འདས་པའི་ལོ་གཅིག་རིང་གི་ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། མཐོ་སློབ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཁྲིད་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གསར་གཏོད་ཀྱིས་སྤེལ་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་འཁུར་མཁན་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཁྲིད་དགེ་རྒན་ལ་སྔར་བས་སེམས་ཁུར་གྱིས་ཁོང་ཚོའི་ལས་ཀའི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ནས་དགེ་རྒན་ཚོས་བློ་གཅིག་སེམས་གཅིག་ངང་མི་གསོ་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། སྐལ་མཆོག་དང་པ་སངས་ཀྱིས་ཞུས)